འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྒྱལ་ཁབ་རེ་ཟུང་གིས་མཚོ་འགྲུལ་རང་དབང་ལ་ཁ་གཡར་
    ནས་རྒྱལ་ཁབ་གཞན་གྱི་བདག་དབང་ལ་གནོད་འཚེ་གཏོང་བར་ཀྲུང་གོ་
    ཕྱོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱལ་ཁབ་རེ་ཟུང་གིས་མཚོ་འགྲུལ་རང་དབང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་བདག་དབང་དང་། ཁྲིམས་མཐུན་ཁེ་དབང་། མཚོ་འགྲུལ་དང་མཁའ་འགྲུལ་བདེ་འཇགས་བཅས་སྣང་མེད་དུ་འཇོག་པ་དང་ཐ་ན་གནོད་འཚེ་གཏོང་བ་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཨ་རིའི་རྒྱལ་སྲུང་པུའི་མགྲིན་ཚབ་པས་ཀྲུང་གོས་<<ཀྲུང་གོའི་དམག་དོན་འཐབ་ཇུས་>>ཀྱི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པར་དགའ་བསུ་ཞུ་ཡི་ཡོད། འོན་ཀྱང་ཨ་རིས་ནན་ཧྲ་མཚོ་འོག་གླིང་ཕྲན་ཉེ་འགྲམ་དུ་མྱུལ་ཞིབ་ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་ཞིང་། བྱེད་ཐབས་དེ་ནི་འབྲེལ་ཡོད་ས་ཁོངས་ཀྱི་མཚོ་འགྲུལ་དང་མཁའ་འགྲུལ་རང་དབང་སྲུང་སྐྱོང་བྱེད་པ་ཞིག་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ལན་གང་ཞིག་ཡོད་དམ་ཞེས་དྲིས།
         ཧྭ་ཁྲུང་ཡིང་གིས“ཉེ་ཆར་ཨ་རིའི་མི་འགའ་ཞིག་གིས་མཚོ་འགྲུལ་རང་དབང་རྟག་ཏུ་ཤོད་ཀྱང་འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་དཔེར་ན་<<མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་>>ལྟ་བུར་ཞིབ་འཇུག་ནན་ཏན་བྱས་ཚེ་མཚོ་འགྲུལ་དང་འཕུར་སྐྱོད་རང་དབང་དེ་ཕྱི་རྒྱལ་གྱི་དམག་གྲུ་དང་དམག་འཐབ་གནམ་གྲུར་ཚོད་འཛིན་མི་ཕོག་པ་མིན་པ་དང་རྒྱལ་ཁབ་གཞན་གྱི་བདག་དབང་དང་། ཁྲིམས་མཐུན་ཁེ་དབང་། དེ་བཞིན་མཚོ་འགྲུལ་བདེ་འཇགས་བཅས་སྣང་མེད་དུ་འཇོག་པ་དང་ཐ་ན་གནོད་འཚེ་གཏོང་བ་དང་གཏན་ནས་གཅིག་པ་མིན”ཞེས་གསུངས་པ་རེད།
         ཁོང་གིས་<<སྤྱི་ཆིངས་>>ནང་གཏན་འབེབས་གསལ་པོ་བྱས་དོན། མཚོ་རྒྱུད་རྒྱལ་ཁབ་ཀྱི་ཞི་བདེ་དང་། སྒྲིག་ལམ་བཟང་པོ། བདེ་འཇགས་བཅས་ལ་གནོད་འཚེ་གཏོང་མི་རུང་། <<སྤྱི་ཆིངས་>>ནང་རྒྱལ་ཁབ་གཅིག་གི་དམག་གྲུ་དང་དམག་འཐབ་གནམ་གྲུས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ནས་རྒྱལ་ཁབ་གཞན་གྱི་བདག་དབང་དང་། ཁྲིམས་མཐུན་དབང་ཆ། མཁའ་འགྲུལ་དང་མཚོ་འགྲུལ་གྱི་བདེ་འཇགས་བཅས་ལ་རྐང་བཙུགས་ནས་བཙན་གནོད་གཏོང་བའི་དབང་ཆ་སྤྲད་མེད་ཅེས་གསུངས་པ་རེད།
         ཨ་རིའི་དམག་གྲུ་དང་དམག་འཐབ་གནམ་གྲུས་ལྷོ་མཚོར་བྱེད་སྒོ་སྤེལ་བའི་སྐོར་གླེང་སྐབས་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་དམག་གྲུ་དང་དམག་འཐབ་གནམ་གྲུས་ཀྲུང་གོའི་མཚོ་འོག་གླིང་ཕྲན་འགྲམ་དུ་མྱུལ་ཞིབ་བྱེད་པའི་བྱེད་སྤྱོད་དེས་ནོར་འཁྲུལ་གྱི་བརྡར་ཤ་གཅོད་པ་དང་མཁའ་མཚོའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་སླ་བར་བརྟེན་དེ་ནི་ཉེན་ཁ་ཧ་ཅང་ཆེ་བ་དང་འགན་མི་འཁུར་བ་ཞིག་རེད་ཅེས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་བཤད་ཡོད། ཨ་རི་ཕྱོགས་ཀྱིས་དངོས་འབྲེལ་འགན་འཁུར་བའི་རྣམ་འགྱུར་ལ་གཞིགས་པ་དང་ལྷོ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་ལ་དམིགས་ནས་འབྲེལ་ཡོད་གནད་དོན་ལ་ཚུལ་མཐུན་དང་དངོས་ཡོད་ཀྱི་སྒོ་ནས་ལྟ་སྟངས་འཛིན་ཏེ་འགན་མི་འཁུར་བའི་འཁྲུག་རྐྱེན་སློང་བའི་གཏམ་སྤྱོད་མཐའ་དག་མཚམས་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།