འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་
    ཚད་གཞི་སླར་ཡང་སྤར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་དུ་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་སླར་ཡང་སྤར་རྒྱུ་ཡིན་ཞིང་། 2014ལོའི་ཆ་སྙོམས་མི་རེར་སྒོར་380ནས་ད་ལྟའི་སྒོར་420བར་སྤར་རྒྱུ་རེད།
         1993ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་<<སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་དོ་དམ་བྱེད་ཐབས་>>ཁྱབ་བསྒྲགས་བྱས་ཏེ་ཞིང་འབྲོག་ཁུལ་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་གྲོན་དངུལ་དེ་ཀྲུང་དབྱང་དང་ས་གནས་ནོར་སྲིད་ནས་སྤྲོད་རྒྱུ་དང་ཆ་སྙོམས་མི་རེའི་གྲོན་དངུལ་གྱི་ཚད་གཞི་སྒོར་5.5ཡིན་པའི་གཏན་འཁེལ་ཐེངས་དང་པོ་བྱས་ཤིང་། 1993ལོ་ནས་2015ལོའི་བར་གྱི་ལོ་ཉི་ཤུ་ལྷག་ཙམ་ནང་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་ཐེངས་བཅུ་གཉིས་སྤར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སྡེ་ཚན་གྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་ལམ་ལུགས་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དུ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྫོང་རིམ་པའི་སྨན་ཁང་གི་གཞི་རྩའི་སྨན་རྫས་ཀྱི“རིན་ཁྱད་མེད་པ”དང་གྲོང་ཁྱེར་རིམ་པའི་སྨན་བཅོས་སྒྲིག་གཞིས་གཞི་རྩའི་སྨན་རྫས་སྤྱོད་ཚད་དེ་75%ལས་མི་དམའ་བ་བྱ་རྒྱུ་ཡིན་པ་རེད།
         མིག་སྔར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་སུ་ཁྱབ་ཅིང་། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་གྲབས་གསོག་བྱ་རྒྱུ་དེ་སྒོར་25ནས་སྒོར་30བར་མཐོ་རུ་བཏང་བ་དང་སྨན་རིན་གྲབས་གསོག་བྱེད་ཚད་100%ཟིན་པ་དེ་ཐོག་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཀྱིས་སྒོར་ཉི་ཤུ་འཇལ་ན། ལོ་གཅིག་ནང་སྨན་རིན་མཐོ་ཤོས་སྒོར་ཁྲི་6རྩིས་ཞུ་བྱེད་ཆོག་གི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་སོགས་དམིགས་བསལ་ནད་རྩིས་ཞུའི་ཁྱབ་ཁོངས་ནང་བཞག་པ་མ་ཟད། རྫོང་(ཆུས)དུ་དམིགས་བསལ་ནད་རིགས་ཉི་ཤུར་རྩིས་ཞུ་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོའི་སྨན་པའི་ཐོབ་ཐང་སྔར་བས་མཐོ་རུ་བཏང་སྟེ་ཟླ་རེར་མི་རེར་སྒོར་300སྤར་བ་དང་ཤང་གྲོང་འཕྲོད་བསྟེན་མི་སྣའི་འཚོ་བའི་ཁ་གསབ་དངུལ་ས་ཁུལ་གྱི་རིགས་དབྱེ་ལྟར་སྒོར་100དང་། སྒོར་200 སྒོར་300བཅས་སོ་སོར་སྤར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།