འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ཀླུང་གཙང་པོའི་རོང་ཆེན་དེ“རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤ་སེའི་རིན་གོང་བློས་
    འགེལ་ཆོག་པའི་མཛེས་ལྗོངས་ཁུལ”དུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་གི་རོང་ཆེན་ཆེ་ཤོས་ཡིན་པའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཡར་ཀླུང་གཙང་པོའི་རོང་ཆེན་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་དང་པོའི“རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤ་སེའི་རིན་གོང་བློས་འགེལ་ཆོག་པའི་མཛེས་ལྗོངས་ཁུལ”ལ་བདམས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས“རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤ་སེའི་རིན་གོང་བློས་འགེལ་ཆོག་པའི་མཛེས་ལྗོངས་ཁུལ”ཁག་དང་པོའི་མཛེས་ལྗོངས་ཁུལ་1801གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དེའི་ནང་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་24ཚུད་པ་དང་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་ཕུད། ད་དུང་ཉིང་ཁྲི་ས་ཁུལ་གྱི་བྲག་གསུམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གནས་ཡུལ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དེ་བཞིན་ཀླུ་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤ་སེའི་རིན་གོང་བློས་འགེལ་ཆོག་པའི་མཛེས་ལྗོངས་ཁུལ”ནང་འདེམས་ཐོན་བྱུང་བའི་མཛེས་ལྗོངས་ཁུལ་གྱིས་སྤ་སེའི་རིན་གོང་ཁ་བསླུས་མི་རྒྱག་པ་དང་། དམིགས་བསལ་མི་ཚོགས་ལ་གཟིགས་སྐྱོང་བྱེད་པ། སྔོན་མངགས་གཟིགས་སྐྱོང་བྱེད་པ། རིན་གོང་གི་གྲུབ་ཆ་ཁྱབ་བསྒྲགས་བྱེད་པ། ལོ་གསུམ་རིང་རིན་གོང་མི་སྤོར་བ་སོགས་ཐད་ཡིག་ཐོག་ནས་ཁས་ལེན་བྱས་ནས་རིན་གོང་ཐད་མགོ་སྐོར་གཏོང་བ་སོགས་ཀྱི་ཚུལ་མིན་བྱེད་སྤྱོད་གཏན་འགོག་བྱེད་ཀྱི་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་པའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ཁྲོམ་རར་ལྟ་སྐུལ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་པས་ཉིང་ཁྲི་ས་ཁུལ་དུ་ཡུལ་སྐོར་ལ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
         བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཡོད་པའི་ཉིང་ཁྲི་ས་ཁུལ་ནི་བོད་ཀྱི་ས་བབ་དམའ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ཉིང་ཁྲི་ས་ཁུལ་དུ་ནགས་ཚལ་རྒྱ་ཆེ་བ་དང་སྔོ་ཁེབས་སྟུག་པ་མ་ཟད། ཚ་ཁུལ་གྱི་མཛེས་ལྗོངས་ཀྱང་ལྡན་པས་བོད་ཀྱིས་གཙོ་གནད་ཐོག་གཏོད་པའི“འཛམ་གླིང་སྣོད་བཅུད་ཡུལ་སྐོར་ཁུལ”ཞིག་ཡིན་པར་བརྟེན་བོད་ཀྱི་ཡུལ་སྐོར་ཁྲོམ་ར་ཧྲིལ་པོའི་ནང་དམིགས་བསལ་གྱི་གནས་བབ་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།