འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་
    ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    —སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ཁག་བདུན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་བྱེད་པར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་དུ་སླེབས་པའི་འགག་རྩའི་དུས་སུ་སླར་ཡང་མཛུབ་སྟོན་གལ་ཆེན་གནང་བའི་ནང“བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི”ཐད་བླང་བྱ་གསལ་པོ་བཏོན་ནས་ང་ཚོས་ཡོམ་འགོག་གེགས་སེལ་གྱི་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་ཞིག་མེད་ན་སྒྱུར་བཅོས་དང་འཕེལ་རྒྱས་ཐམས་ཅད་གླེང་ཐབས་བྲལ་བ་དང་། ཇུས་འགོད་དང་འཆར་གཞི་ལེགས་པོ་ཅི་འདྲ་ཞིག་ཡོད་ཀྱང་མངོན་འགྱུར་ཡོང་དཀའ་བ་དང་ཐོབ་ཟིན་པའི་གྲུབ་འབྲས་ཀྱང་ཤོར་སྲིད”ཅེས་མཛུབ་སྟོན་གནང་ཡོད། “4·25”ས་ཡོམ་གྱི་གནོད་འཚེ་དྲག་པོར་ཁ་གཏད་གཅོག་པའི་འཐབ་རྩོད་ནང་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུཌ་ཁུར་དང་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མྱུར་སྤེལ་བྱ་སྤྱོད་དང་འཕྲལ་ཐག་ཆོད་པའི་ཐབས་ཇུས། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་གཞོགས་འདེགས་དམ་ཟབ་དང་ཐུན་མོང་འབད་བརྩོན་བཅས་དང་ཁ་འབྲལ་ཐབས་མེད་པ་དང་ཆབས་ཅིག་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་ཡང་ཁ་འབྲལ་ཐབས་མེད།
         དུས་མཚམས་གོང་མའི་ཡོམ་འགོག་གེགས་སེལ་གྱི་དམིགས་བསལ་རྒྱུགས་ར་ཆེན་པོའི་ནང་རང་ལྗོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་དྲུག་ཁྲི་ལྷག་ཙམ་དུས་ཐོག་ཏུ་གནས་སྤོ་བྱས་པ་དང་། ས་ཡོམ་ནང་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། འཕྲིན་གཏོང་། ཆུ་དང་གློག་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་སླར་གསོ་བྱེད་བཞིན་ཡོད་པ། གེགས་སེལ་མི་སྣ་དང་གེགས་སེལ་དངོས་པོ་འབོར་ཆེན་ཞིག་གནོད་འཚེའི་ཁུལ་དུ་དྲངས་པ། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམས་བྱུང་བ། མང་ཚོགས་ཀྱི་འཚོ་བ་དང་བློ་ཁ་བརྟན་པོ་ཡོད་པ་བཅས་ལ་བརྟེན་གོམ་སྟབས་རྗེས་མའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། གོམ་སྟབས་རྗེས་མའི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀའི་དུས་ཚོད་དེ་བས་རིང་བ་དང་ལས་འགན་དེ་བས་ལྕི་བ་ཡོད། ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་ལ་རྒྱལ་ཁ་ཁྱོན་ཡོངས་ནས་བླངས་ཏེ་རང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་རེད།
         གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ཆེས་རྩ་བ་ནི་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བརྟན་པོ་དང་མི་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད། ས་ཡོམ་ནང་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་པའི་མདུན་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བློ་ཁར་ཤུགས་རྐྱེན་ཐེབས་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་དཀའ་གནད་དང་གནོན་ཤུགས་ཡོང་བ་ནི་ལོས་ཡིན། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བློ་ཁ་བརྟན་པོ་ཡོང་བ་དང་། འགལ་བ་དང་རྩོད་གཞི་སེལ་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་སྲུང་རྒྱུ་བཅས་ནི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ་དང་མང་ཚོགས་ཀྱི་ཞུ་འབོད་ཐབས་ལམ་གཤོང་བ། སྤྱི་ཚོགས་ཀྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེར་ལན་འདེབས་པ་བཅས་བྱས་ཏེ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་མི་སེམས་ཁྲིད་སྟོན་དང་། མི་སེམས་བརྟན་པོ། མི་སེམས་གཅིག་སྒྲིལ་བཅས་བྱེད་དགོས། འཐུས་སྒོ་ཚང་བའི་ལས་ཀའི་ལམ་སྲོལ་ནི་བརྟན་ལྷིང་སྲུང་སྐྱོང་གི་འགན་ལེན་ནུས་ལྡན་རེད། གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ། དཔུང་སྡེའི་དཔོན་དམག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བཀོད་སྒྲིག་བྱ་ཡུལ་ཁག་ལ་དུས་ཐོག་ཏུ་ཏང་རྩ་འཛུགས་དང་གཉིས་ལྡན་དུད་སྦྲེལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ལས་འགན་གསལ་པོ་བཟོ་བ་དང་འགན་འཁྲི་བསྒྲུབས་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཟ་གོས་སྡོད་གསུམ་དང་། སྨན་བཅོས། རིམས་འགོག་སོགས་ཀྱི་འགན་ལེན་ལས་དོན་ལེགས་པར་སྒྲུབ་པ་དང་ཡོམ་འཕྲོ་དང་ཞོར་སྐྱོན་གཞན་དག་ལ་ཁ་གཏད་གཅོག་པ་དང་སྔོན་འགོག་གི་གྲ་སྒྲིག་ལེགས་པར་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ནུས་ལྡན་བྱ་ཐབས་སྤྱོད་པ་དང་། དྲིལ་བསྒྲགས་དང་། ཁྲིད་སྟོན། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་ཡོམ་འགོག་གེགས་སེལ་བྱེད་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་གླེང་ཕྱོགས་ཁྲིད་སྟོན་ལེགས་པར་བྱས་ཏེ་དཀྲོག་གཏམ་ཤོད་པ་དང་དགོས་པ་མེད་པའི་འཇིགས་སྣང་སྔོན་འགོག་བྱས་ཐོག་བདེ་འཇགས་ལས་འཛོལ་དང་བསམ་ཡུལ་ལས་འདས་པའི་ལས་འཛོལ་གཞན་དག་མི་ཐོན་པ་བྱེད་དགོས།
         ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པར་ལས་དོན་གཞན་དག་ལེགས་པར་སྒྲུབ་དགོས་ལ་གཙོ་གནད་དམ་འཛིན་དང་འབེན་ཡོད་སར་མདའ་འཕེན་དགོས། རང་སྐྱོང་ལྗོངས་ཀྱི་མེ་འགོག་དང་། རིམས་འགོག གཏོར་བཤིག་འགོག་པ་བཅས“གསུམ་འགོག”ལས་དོན་ལེགས་པར་སྒྲུབ་དགོས་པའི་བཀོད་སྒྲིག་བླང་བྱ་ལྟར་མེ་ཟོན་བདེ་འཇགས་སྲུང་སྐྱོང་དང་མི་མངོན་པའི་རྐྱེན་ངན་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་སྔོན་ཇུས་ལེགས་པར་བྱས་ནས་མེ་སྐྱོན་གྱི་ལས་འཛོལ་སྔོན་འགོག་བྱེད་དགོས་པ་དང་། གནོད་འཚེ་ཕོག་ཁུལ་གྱི་འཐུང་ཆུ་དང་བཟའ་བཅའི་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་ཕོག་ཁུལ་གྱི་གད་སྙིགས་གཙང་འདྲེན་གཙང་བཅོས་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་ཕོག་རྗེས་རིམས་ནད་ཆེན་པོ་མི་ཐོན་པའི་འགན་ལེན་བྱེད་དགོས་པ། སྤྱི་པའི་ས་ཁོངས་དང་མི་མང་འཛོམས་ས་གལ་ཆེར་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་སྔོན་འགོག་བྱེད་དགོས། དེ་དང་ཕྱོགས་མཚུངས་རྐུ་རྒྱག་དང་རྡུང་གཅོག་འཕྲོག་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་སྔོན་འགོག་ནན་པོ་བྱེད་པ་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།
         སྤྱི་ཚོགས་བརྟན་ལྷིང་ནི་བོད་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་འགན་ལེན་རེད། བོད་ཀྱི་འཕེལ་རྒྱས་ནི་བརྟན་ལྷིང་དང་ཁ་བྲལ་ཐབས་མེད་ལ། སྒྱུར་བཅོས་ཡང་བརྟན་ལྷིང་དང་ཁ་བྲལ་ཐབས་མེད། རང་བྱུང་གི་གནོད་འཚེ་ལས་རྒྱལ་བ་བྱེད་པར་དེ་འདྲ་བར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་ཁ་བྲལ་ཐབས་མེད། ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཅེས་འཛིན་དང་སྲུང་སྐྱོང་བྱས་ཚེ་ང་ཚོས་ཀུན་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སྒྲོལ་གྱིས་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་གི་དྲིན་ལན་འཇལ་ཐུབ་ངེས་རེད། ༼ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།