འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ས་ཡོམ་ཁྲོད་མང་ཚོགས་ཀྱི་སྡོད་ཁང་གཏོར་སྐྱོན་ཕོག་པའི་དུད་ཚང་41677ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི“4•25”ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ནེ་པ་ལའི་ས་མཚམས་ནང་གི་ཟླ་5ཚེས་12ཉིན་གྱི་ས་ཡོམ་རིམ་པ་7.5དང་ས་ཡོམ་རིམ་པ་6.2ཀྱི་ཤུགས་རྐྱེན་ཐེབས་ནས་ཟླ་5ཚེས་14ཉིན་གྱི་ཆུ་ཚོད་8པའི་བར་བོད་ལྗོངས་ཀྱི་མང་ཚོགས་ཀྱི་སྡོད་ཁང་གཏོར་སྐྱོན་ཕོག་པའི་དུད་ཚང་41677ཟིན་པ་དང་། ཁང་པ་ལོག་རྡིབ་བྱུང་བའི་དུད་ཚང་166གསར་དུ་འཕར་བ་དང་། གཏོར་སྐྱོན་ཚབས་ཆེན་བྱུང་བའི་དུད་ཚང་1473གསར་དུ་འཕར་བ། གཏོར་སྐྱོན་སྤྱིར་བཏང་བྱུང་བའི་དུད་ཚང་497གསར་དུ་འཕར་བ། མང་ཚོགས་ཀྱི་སྡོད་ཁང་གི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་66751གསར་དུ་འཕར་ཡོད། གཉའ་ལམ་དང་། སྐྱིད་གྲོང་། དིང་རི་བཅས་རྫོང་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་གྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་9000གསར་དུ་འཕར་བ་དང་། མང་ཚོགས་ཀྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་དཔལ་འབྱོར་གྱི་སྤྱིའི་གྱོང་གུན་སྒོར་ཁྲི་75751གསར་དུ་འཕར་ཡོད།
         ས་ཡོམ་ཁྲོད་ད་དུང་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཚད་མི་འདྲ་བ་ཕོག་ཡོད། འགྲོ་ལམ་ཐད་གཉའ་ལམ་རྫོང་གྲོང་ནས་འགྲམ་འགག་སྒོ་བར་དང་། འགྲམ་འགག་སྒོ་ནས་ཀ་ཏ་མན་རྡུ་བར། སྐྱིད་གྲོང་གྲོང་རྡལ་ནས་རི་ཟུར་ཟམ་པའི་བར། ཕུ་རྩེ་ལ་ནས་རོང་ཤར་ཤང་བར་བཅས་ཀྱི་རི་གསར་དུ་ཉིལ་ནས་འགྲོ་ལམ་ཆད་ཡོད། སྒང་རོང་གཞུང་ལམ་གྱི་ལམ་ངོས་ཞན་ཙམ་ཡོད་པས་རླངས་འཁོར་ཆུང་གྲས་འགྲོ་ཐུབ་ཙམ་ལས་མེད། འདྲེན་ཐང་ཕྱོགས་ཀྱི་ས་འདྲེན་གཞུང་ལམ་གྱི་གཙང་ཁ་གྲོང་ཚོ་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པ་དང་ནག་འདམ་དང་བར་ཐག་སྤྱི་ལེ་3ཙམ་ཡོད་པའི་རི་ཉིལ་ནས་འཁོར་རིགས་འགྲོ་ཐབས་བྲལ་ཡོད།
         གཞན་དག་ཐད་སྐྱིད་གྲོང་གྲོང་རྡལ་གྱི་འགག་སྒོའི་གློག་ཁང་དང་། མཐའ་སྲུང་ཐོན་ཞིག་གི་འགྲམ་ལེན་དང་པོའི་ཆུ་ཤུགས་གློག་ཁང་། རོང་ཤར་ཤང་གི་ཆུ་ཤུགས་གློག་གཏོང་ས་ཚིགས་བཅས་ཀྱི་གློག་མཁོ་འདོན་བརྟན་པོ་མེད་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་དགོན་སྡེ་ཁག་གཅིག་ཡོམ་འཕྲོའི་ཤུགས་རྐྱེན་ཐེབས་ནས་དེ་སྔའི་གྱང་གི་གས་སྲུབས་ཆེ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།