མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

ཟླ་1ཚེས་5ཉིན་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཕེབས་པ་དང་འབྲེལ་གསུང་བཤད་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་འཚམ་པ་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྱོང་བ། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་བསམ་བློའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ལིའུ་ཡུན་ཧྲན་གྱིས། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པའི་ཆེས་གཞི་རྩ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་བའི་བསམ་བློ་ལས་ཐུན་མོང་གི་ངོས་འཛིན་ཆགས་པ་བྱ་རྒྱུ་དེ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་རྒྱུན་མཐུད་གཏིང་ཟབ་བྱས་ནས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པའི་རྨང་གཞིའི་ཐོག་བློ་ལ་ངེས་པ་དང་སེམས་ལ་ཟུག་པའི་ཐད་འབད་བརྩོན་བྱས་ནས་སློབ་སྦྱོང་བྱེད་ཀྱིན་དུ་ཡིད་ཆེས་བྱེད་པ་དང་། སློབ་སྦྱོང་བྱེད་ཀྱིན་དུ་བེད་སྤྱོད་བྱེད་པ། སློབ་སྦྱོང་བྱེད་ཀྱིན་དུ་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས་ཤིང་། སློབ་སྦྱོང་བྱེད་ཀྱིན་དུ་ཡིད་ཆེས་བྱེད་ཅེས་པ་ནི་ཕུགས་བསམ་དང་ཡིད་ཆེས་མཐའ་འཁྱོངས་བྱས་ནས་བསམ་བློའི་ཀ་རྟེན་བརྟན་པོ་ཞིག་འཛུགས་དགོས་པ་དང་། སློབ་སྦྱོང་བྱེད་ཀྱིན་དུ་བེད་སྤྱོད་བྱེད་ཅེས་པ་ནི་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་གསུང་བཤད་ཀྱི་དགོངས་དོན་སྤྱད་དེ་དངོས་ཡོད་གནད་དོན་ལ་མཛུབ་ཁྲིད་དང་ཐག་གཅོད་བྱེད་དགོས་པ། སློབ་སྦྱོང་བྱེད་ཀྱིན་དུ་བྱ་སྤྱོད་སྤེལ་བ་ཞེས་པ་ནི་སེམས་ལ་ཟུག་པ་དང་བྱ་སྤྱོད་སྤེལ་བ་བཅས་ལ་ཟེར་ཞིང་། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
           ལིའུ་ཡུན་ཧྲན་གྱིས། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱས་ནས་དྲིལ་བསྒྲགས་འཆད་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་རྣམ་པ་བཟང་པོ་ཞིག་བཏོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པ་དང་། རིག་གནས་ལ་བརྟེན་ནས་བློ་འགུགས་བྱེད་པ། ལམ་ལུགས་ཚད་ལྡན་ཡོང་བ་བཅས་ལ་དོ་སྣང་བྱས་ནས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་དམངས་ལྟེ་བར་བྱེད་པའི་གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་། རྩོམ་རིག་དང་སྒྱུ་རྩལ་མཁས་ཅན་མི་དམངས་དང་འཚོ་བའི་ཁྲོད་དེ་བས་ལེགས་པའི་ངང་གཞི་ཚུགས་པ་བྱ་རྒྱུའི་སྐུལ་འདེད་གཏོང་བ། བརྩེ་སེམས་ཀྱིས་ཁེངས་པ་དང་མི་སེམས་འགུལ་བའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་གཏོད་བྱེད་པ་དང་། ལྷག་པར་དུ་བརྩམས་ཆོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་སྣང་ཆེན་བྱས་ནས་སྤ་སེ་བཙོང་མང་བ་ཁོ་ན་དང་། བརྙན་འཕྲིན་ལྟ་ཚད་ཁོ་ན། དྲ་ཐོག་ནས་ལྟ་ཚད་ཁོ་ནར་མཐོང་ཆེན་བྱ་རྒྱུ་སྔོན་འགོག་བྱེད་དགོས། རྒྱལ་ཁབ་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་ཀྲུང་གོའིགཏམ་རྒྱུད་རང་འགུལ་དང་ངོ་མཚར་ཆེ་བའི་སྒོ་ནས་ཤོད་པ་དང་། རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གནས་ཕྱི་ཕྱོགས་སུ་སྤེལ་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཅས་བཏང་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
           ལིའུ་ཡུན་ཧྲན་གྱིས། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པར་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱས་ཏེ་ལས་ཀའི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགན་འཁུར་དགོས་པ་དང་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། མཛུབ་ཁྲིད་ལས་དོན་བཀོད་སྒྲིག་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་སོགས་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཁུར་ནས་སྣེ་ཁྲིད་དེ་འགན་འཁྲི་ལག་བསྟར་བྱེད་དགོས་པ། འབྲེལ་ཡོད་སྡེ་ཚན་ཁག་དང་ཚན་པ་ཁག་གིས་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་གྱིས་ཁུར་དགོས་པའི་འགན་འཁྲི་ཞིབ་ཕྲ་དང་། ཏན་ཏིག ཞིབ་ཚགས་ཅན་བཅས་སུ་འགྱུར་དགོས་པའི་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།