མི་དམངས་དྲ་བ།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2015ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2015ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་བརྒྱུད་ནས་2015ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཤིང་། ནང་དོན་གནད་བསྡུས་གཤམ་གསལ།
       དུས་ཚོད་ནི་ཆུ་མོའི་རྒྱུན་ལྟར་ཡིན། 2014ལོ་མཇུག་སྒྲིལ་ཉེར་ཡོད་པ་དང་2015ལོ་འཆར་ཉེར་ཡོད། རྙིང་སྐྱེལ་གསར་བསུའི་མཚམས་འདིར་ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི། འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་གྲོགས་པོ་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 2014ལོ་ནི་བརྗེད་པར་དཀའ་བའི་ལོ་ཞིག་ཡིན། ལོ་དེའི་ནང་ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དཀའ་མཁྲེགས་མང་པོ་གཏོར་བ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་དང་མི་སེར་གྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་མང་པོ་བཏོན་ཡོད། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད། ཟླ་12ཚེས་12ཉིན་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭར་དངོས་སུ་ཆུ་འདྲེན་ཐུབ་པ་བྱུང་བ་དང་དེ་རྒྱུད་མང་ཚོགས་ཁྲི་40ལྷག་ཙམ་གྱིས་གནས་སྤོས་བྱས་ནས་ལས་གྲྭ་དེའི་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བརྟེན་ང་ཚོས་ཁོང་ཚོར་གུས་འདུད་ཞུ་རྒྱུ་དང་འབྲེལ་ཁྱིམ་གཞིས་གསར་པའི་ནང་ཁོང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད། ལོ་དེར་ང་ཚོས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་ཀྱི་སྤྱོད་ཚུལ་ལ་གཙོ་གནད་ཐོག་ནས་ངོ་རྒོལ་བྱས་པར་བརྟེན་དེའི་ཐད་ཀྱི་གནས་ཚུལ་བཅོས་སྒྲིག་ཆེན་པོ་བྱུང་ཡོད། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཤུགས་ཆེ་རུ་བཏང་བ་དང་ཐར་པར་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་པར་ཆད་པ་ནན་པོ་སྤྱད་པ་དེ་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་རུལ་སུངས་ལ་ཆད་པ་གཅོད་པའི་ཆོད་སེམས་བརྟན་པོ་དེ་མངོན་ཡོད། ལོ་དེར་ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་ལས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་པ་དང་། པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོགས་པ་དང་རང་རྒྱལ་གྱི་འགོ་ཁྲིད་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་པར་ཐེངས་མང་བསྐྱོད་པ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣའང་རང་རྒྱལ་དུ་འཚམས་འདྲིར་ཐེངས་མང་ཡོང་ཡོད། བྱེད་སྒོ་དེ་དག་གིས་འཛམ་གླིང་གིས་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད།
         ལས་དོན་དེ་དག་ཡག་པོ་བསྒྲུབ་ཆེད་ང་ཚོའི་རིམ་ཁག་ལས་བྱེད་པས་ཀྱང་འབད་བརྩོན་ལྷོད་མེད་བྱས་ཡོད། འོན་ཀྱང་མི་དམངས་ཀྱི་རྒྱབ་སྐྱོར་མེད་ན། ལས་དོན་དེ་དག་སྒྲུབ་དཀའ་བས། ངས་ང་ཚོའི་རླབས་ཆེན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
        2014ལོར་ང་ཚོས་ཁྲིམས་འཛུགས་ཀྱི་ཐོག་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ། ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་བཅས་གཏན་འཁེལ་བྱས་པ་དང་འབྲེལ་བྱེད་སྒོ་གཟབ་རྒྱས་སྤེལ་ཡོད། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རྒྱལ་ཁབ་དང་། མི་རིགས། ཞི་བདེ་བཅས་ཀྱི་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་མཁན་རྣམས་ང་ཚོས་ནམ་ཡང་བརྗེད་མི་རུང་།
       2014ལོར་ང་ཚོར་སེམས་སྡུག་གི་བྱ་བ་ཁ་ཤས་བྱུང་བ་སྟེ། མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་MH370བརླགས་ནས་སྤུན་ཟླ་150གར་སོང་ཆ་མེད་དུ་གྱུར་སྐབས་ང་ཚོས་ཁོང་ཚོ་མི་བརྗེད་པར་ནུས་ཤུགས་གང་ཡོད་དང་ཐབས་ཤེས་གང་ཡོད་ཀྱིས་ཁོང་ཚོ་བཙལ་ཡོད། ལོ་དེར་རང་རྒྱལ་དུ་རང་བྱུང་གནོད་འཚེ་དང་བདེ་འཇགས་ལས་འཛོལ་ཆེན་པོ་ཁག་གཅིག་ཐོན་པའི་ནང་སྤུན་ཟླ་མི་ཉུང་བ་ཞིག་ང་ཚོ་དང་ནམ་ཡང་ཁ་བྲལ་བ་དང་ཡུན་ནན་ལུའུ་ཏན་གྱི་ས་ཡོམ་ནང་མི་600ལྷག་ཙམ་གྲོངས་པ་དང་ང་ཚོས་ཁོང་ཚོར་དྲན་གསོ་ཞུས་པའི་ཐོག་ཁོང་ཚོའི་ནང་མི་ཚང་མ་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
       ལོ་གསར་གྱི་ཅོང་སྒྲ་གྲགས་ཉེར་ཡོད། ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་མི་དམངས་ཀྱི་རེ་སྒུག་དེ་ང་ཚོའི་བྱ་སྤྱོད་དུ་འགྱུར་བ་བྱེད་པ་དང་མི་དམངས་ཀྱི་རེ་བ་དེ་འཚོ་བའི་དོན་དངོས་སུ་འགྱུར་བ་བྱེད་དགོས། ང་ཚོས་མུ་མཐུད་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། བརྒྱབ་པའི་མདའ་ལ་ལོག་པའི་དཔེ་མེད། སྒྱུར་བཅོས་ཀྱི་འགག་རྩའི་དུས་སུ་རྟུལ་ཕོད་ཅན་ལ་རྒྱལ་ཁ་ཐོབ་ངེས་ཡིན། ང་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་འགན་ལེན་དང་། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་། རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་གཤོག་པ་ཟུང་དང་འཁོར་ལོ་གཉིས་དང་མཚུངས་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་རྒྱུའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
       ཀྲུང་གོ་མི་དམངས་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་མདུན་ལམ་ལ་དོ་ཁུར་བྱེད་པ་མ་ཟད། འཛམ་གླིང་གི་མདུན་ལམ་ལའང་དོ་ཁུར་བྱེད་ཀྱི་ཡོད། གླིང་ཆེན་ཨ་ཧྥེ་རི་ཁར་ཨའེ་པོ་ལ་རིམས་ནད་ཐོན་སྐབས་ང་ཚོས་རོགས་རམ་བྱས་པ་དང་། མར་ཏི་ཝེ་རྒྱལ་སར་ཆུ་ཆད་སྐབས་ང་ཚོས་ཡང་རོགས་རམ་བྱས་ཡོད། རོགས་རམ་གྱི་བྱ་སྤྱོད་མང་པོའི་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་དབུགས་ལམ་གཅིག་སྦྲེལ་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་དེ་མངོན་པ་བྱས་ཡོད། མིག་སྔར་འཛམ་གླིང་ད་དུང་ལྷིང་འཇགས་མེད། ང་ཚོས་ཞི་བདེར་རེ་འབོད་བྱེད་ཀྱི་ཡོད། འཛམ་གླིང་ཁག་གི་མི་དམངས་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཛམ་གླིང་གི་མི་དམངས་རྣམས་འཁྱག་ལྟོགས་ཀྱིས་མི་མནར་བ་དང་། ཁྱིམ་ཚང་ཚང་མར་དམག་འཁྲུག་གི་མེ་ལྕེའི་ཉེན་ཁ་མི་ཕོག་པ། ཕྲུ་གུ་ཚང་མ་ཞི་བདེའི་ཉི་འོད་འོག་བདེ་ཐང་ངང་འཚར་ལོངས་ཐུབ་རྒྱུ་བཅས་ཀྱི་ལྷག་བསམ་གྱི་རེ་བ་འདོན་རྒྱུ་ཡིན།