མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་༼བདེན་འཚོལ་༽དུས་དེབ་ཐོག་༼སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་
རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས༽ཞེས་པའི་རྩོམ་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

2015ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི་༼བདེན་འཚོལ་༽དུས་དེབ་ཀྱི་2015ལོའི་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གི་རྩོམ་ཡིག་འགོ་བརྗོད་དུ་༼སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས༽ཞེས་འཁོད་པ་སྤེལ་ཞིང་། རྩོམ་ཡིག་དེ་ནི་2014ལོའི་ཟླ་10ཚེས་23ཉིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཆ་ཤས་གཉིས་པ་དང་གསུམ་པ་ནས་བདམས་པ་རེད།
       གསུང་རྩོམ་དེའི་ཆ་ཤས་དང་པོའི་ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འབེབས་ཀྱི་མགོ་ནས་མཇུག་བར་ཁྱབ་པའི་དམར་ཐིག་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས་དང་རྒྱ་སྐྱེད་གཏོང་རྒྱུ་རྒྱས་བཤད་གཏིང་ཟབ་བྱས་ཡོད། རྩོམ་ཡིག་ནང་རྩ་བའི་གནད་དོན་དེའི་ཐད་ང་ཚོས་གདེང་ཚོད་དང་ཚུགས་ཟིན་ནུས་རྒྱུན་འཁྱོངས་ཀྱིས་གཞི་རྩར་གྱུར་པ་ཚང་མ་ངེས་པར་ཏུ་མཐའ་འཁྱོངས་ཡུན་རིང་བྱེད་དགོས་ཞེས་བསྟན་ཡོད། དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས་དང་། མི་དམངས་ཀྱི་གཙོ་གཟུགས་གནས་བབ་ངེས་པར་དུ་མཐའ་འཁྱོངས། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་ངེས་པར་དུ་མཐའ་འཁྱོངས། ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་བྱེད་རྒྱུ་ངེས་པར་དུ་མཐའ་འཁྱོངས། ཀྲུང་གོའི་དོན་དངོས་ནས་འགོ་རྩོམ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བཅས་བྱེད་དགོས་པ་དེ་རེད། རྩོམ་ཡིག་གི་ཆ་ཤས་གཉིས་པའི་ནང་ཏང་ཡོངས་ལ་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལས་འགན་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་རྒྱུའི་སྤྱིའི་བླང་བྱ་བཏོན་ཡོད་པ་མ་ཟད། ད་དུང་ཕྱོགས་ལྔ་ནས་ལས་དོན་བཀོད་སྒྲིག་བྱས་ཚུལ་ཡང་བཀོད་ཡོད་པ་སྟེ། དང་པོ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས་པ་དང་། གཉིས་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱེད་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་མཐའ་འཁྱོངས་བྱེད་དགོས་པ། གསུམ་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར་ནན་ཏན། ཁྲིམས་འཛིན་གཞུང་དྲང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ། བཞི་པ། ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འགལ་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ་བཅས་རེད། རྩོམ་ཡིག་གི་མཇུག་ཏུ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ནི་ཆ་ལག་ཚང་བའི་འདུ་འགོད་ཅིག་དང་རྒྱལ་ཁབ་བཅོས་སྐྱོང་ཁྱབ་ཁོངས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་པས་ངེས་པར་དུ་ཏང་གིས་ཁྲིམས་སྐྱོང་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཏང་གིས་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་གནས་དེ་རང་དང་སྡེ་ཚན་དེ་རང་གི་ཁྲིམས་སྐྱོང་ལས་དོན་གྱི་འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་ལས་དོན་གྱི་ཤུགས་རྒྱག་ས་ཡག་པོ་བཙལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བསམ་འཆར་དང་ལག་བསྟར་ཇུས་གཞི་མགྱོགས་མྱུར་བཟོ་དགོས། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་གྱི་གཙོ་གནད་དེ་གཞི་རིམ་དུ་བཞག་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལས་དོན་ཁག་དང་བྱེད་ཐབས་ཁག་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས་ཞེས་མཛུབ་སྟོན་བྱས་ཡོད་པ་རེད།