མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་31ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་བཅས་དང་དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་དང་དགའ་སྤྲོ་ལྷན་འཛོམས་ཀྱིས་2015ལོར་བསུ་བ་ཞུས་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་ཞིང་། ཁོང་གིས་གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཤིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་མི་དམངས་ཀྱི་རེ་འབོད་ཉན་དགོས། ང་ཚོའི་དམིགས་ཚད་ཇི་ཙམ་གྱིས་གཟི་བརྗིད་ཆེ་ཚེ་ང་ཚོའི་འགན་འཁྲི་དེ་ཙམ་གྱིས་ལྕི་བ་ཡོད་པས་མི་ཚང་མས་ཀུན་སེམས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་དགོས་ཀྱི་ཡོད། ང་ཚོས་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་ཐུན་མོང་གི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་དང་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
       ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་འཚམ་པ་དང་། ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གལ་ཆེའི་གནད་དོན་ཇུས་འགོད་བྱ་རྒྱུར་སྣང་ཆེན་བྱས་པས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་དང་། དེ་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་ཕྱི་འབྲེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གཙོ་གནད་ཐོག་དམ་འཛིན་གྱིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་བྱས་པས་ཏང་སྲོལ་སྲིད་སྲོལ་ཐད་རྣམ་པ་གསར་པ་མངོན་ཡོད། ང་ཚོས་རུལ་རྒོལ་འཐབ་རྩོད་སྤེལ་ཤུགས་ཆེ་རུ་བཏང་ནས“སྟག་སྦྲང་མཉམ་རྡུང”མཐའ་འཁྱོངས་བྱས་ཏེ་རུལ་སུངས་པ་ཁག་གཅིག་ལ་ཏང་ཁྲིམས་དང་རྒྱལ་ཁྲིམས་ཀྱི་ཆད་པ་ནན་པོ་བཅད་ཡོད། ལོ་གཅིག་ལྷག་ཙམ་རིང་། ང་ཚོས་གོམ་སྟབས་བརྟན་པོའི་སྒོ་ནས་སྒྱུར་བཅོས་ཁག་ལ་སྐུལ་འདེད་བཏང་བ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་སྒྱུར་བཅོས་ལས་འགན་ཁག་80སྤྱིར་ན་ལེགས་གྲུབ་ཟིན་ཡོད། གཞན་ཡང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་སྒྱུར་བཅོས་ལས་འགན་ཁག་108ལེགས་སྒྲུབ་བྱས་ཡོད་པ་དང་ཕྱོགས་ཁག་གིས་ཁྱོན་སྒྱུར་བཅོས་གྲུབ་འབྲས་370བཏོན་ཡོད། ལོ་མང་རིང་སྒྱུར་བཅོས་དང་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཁག་གཅིག་ཐག་གཅོད་ཡག་པོ་ཐུབ་ནས་རང་རྒྱལ་གྱི་འཕེལ་རྒྱས་ཆེད་སྒྱུར་བཅོས་ཀྱིས་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་ཡོད། གྲུབ་འབྲས་དེ་དག་ནི་ཚང་མས་མཉམ་དུ་བཏོད་པ་ཞིག་ཡིན་པས་གཟི་བརྗིད་ཁྱེད་ཚོར་དབང་གི་ཡོད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་དེང་གི་ཆར་དུས་བབ་འཕེལ་ཕྱོགས་དེ་སྤྱི་ཡོངས་ལ་ཕན་ཐོགས་ཡོད་མོད། འོན་ཀྱང་དཀའ་ཚེགས་དང་ཉེན་ཁ་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ། སྒུལ་ཤུགས་གསར་པ་མངོན་གསལ་དོད་དུ་གཏོང་བ། ཉེན་ཁ་འགོག་པ་དང་ཚོད་འཛིན་བྱ་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དུས་བཀག་བཞིན་ལེགས་སྒྲུབ་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་གི་རྣམ་པ་སྲུང་སྐྱོང་བྱེད་དགོས། ང་ཚོས་ངོགས་གཉིས་དབར་མཉམ་ལས་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས་ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་ཡོང་བ་བྱས་ཏེ་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན། ང་ཚོས་ཞི་བདེ་དང་། གོང་འཕེལ། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།