འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།2014ལོའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་དོན་གྱི་ཞིབ་བསྡུར་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 07:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་མཉམ་དུ་གཙོ་སྒྲུབ་གནང་བའི་2014ལོའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་དོན་གྱི་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་“བོད་བརྒྱུད་ནང་བསྟན་དང་འདྲ་མཉམ་གྱི་བསམ་བློ་”དམིགས་སུ་བཟུང་སྟེ་ཞིབ་བསྡུར་དང་གྲོས་མོལ་ལྷུག་པོར་གནང་།
        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་ཤིས་ཚིག་ནང་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་བྱེད་སྒོ་ཉིད་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་སྔོག་འདོན་དང་། བསྡུ་རུབ། དར་སྤེལ་བཅས་ཡོང་བ་དང་བོད་བརྒྱུད་ནང་བསྟན་གྱི་དགོངས་པའི་བསྟན་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་ཆ་སྔོག་འདོན་ལེགས་པར་བྱས་པ་བརྒྱུད་འོས་ཤིང་འཚམ་པའི་ཁྱབ་བྱ་ཁྱབ་བྱེད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། གནའ་བཟང་དེང་སྤྱོད། དོན་དངོས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་འཆར་འགྲེལ་བྱེད་སྒོ་ཉིད་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་འགྲོ་ལམ་སྐྱོན་བྲལ་ཞིག་ཏུ་ངེས་པར་དུ་འཚོལ་ཞིབ་དང་། སྔོག་འདོན། གསར་གཏོད་བཅས་ཡོང་བ་བྱེད་པ་དང་ཆབས་ཅིག་དགོངས་པའི་བསྟན་དོན་ཁྲོད་ཀྱི་མི་ལེགས་པའི་ཆ་ཏན་ཏིག་བསལ་ནས་ཡར་ཐོན་གྱི་བསམ་བློ་དང་འདུ་ཤེས་བསྡུ་ལེན་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་དང་མི་དམངས་ལ་ཕན་པ་འདོགས་དགོས་ཞེས་གསུངས།
         ངོ་སྤྲོད་ལྟར་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་ཞིབ་འཇུག་ཚོགས་ཆུང་གིས་ཐེངས་འདིའི་ཚོགས་འདུར་གཟིགས་འབུལ་བྱས་པའི་༼བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་ཞིབ་འཇུག་ཕྱོགས་བསྒྲིགས་ཏེ། བོད་བརྒྱུད་ནང་བསྟན་དང་འདྲ་མཉམ་གྱི་བསམ་བློར་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཆེད་བསྒྲིགས་༽དེ་ནི་ཞིབ་འཇུག་ཚོགས་པ་འདིས་༼བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་འཆད་འགྲེལ་ཚོད་ལྟའི་དེབ་༽དང་། ༼བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་འཆད་འགྲེལ་ཞིབ་འཇུག་ཕྱོགས་བསྒྲིགས་༽ ༼བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་གྱི་ཞིབ་འཇུག་རྩོམ་ཡིག་ཕྱོགས་བསྒྲིགས་ཏེ། བོད་བརྒྱུད་ནང་བསྟན་དང་བསམ་པའི་དཔལ་ཡོན་ཞིབ་འཇུག་གི་རྩོམ་ཡིག་ཆེད་བསྒྲིགས་༽བཅས་གསར་རྩོམ་བྱས་པའི་རྗེས་ཀྱི་ཞིབ་འཇུག་འབྲས་བུ་གསར་པ་རེད་དོ།  །
      

    ཕྱོགས་བསྡུས་གསར་འགྱུར།