འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བུ་མོ་སློབ་གྲྭ་ཆེ་མོ་བ་སྲི་ཐར་གྱི་ལས་གཏོད་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་དོག་སྡེ་ལྷོ་ལམ་དུ་ཡོད་པའི་བོད་ཟས་ཁང་ཞིག་གིས་ནང་ལོ་20ལ་སླེབས་པའི་བོད་རིགས་བུ་མོ་ཞིག་གིས་ཟ་ཁང་ནང་ཡོང་མཁན་མགྲོན་པོ་ཚོར་ཞབས་ཞུ་ལེགས་པོས་སྣེ་ལེན་བྱེད་བཞིན་འདུག མགྲོན་པོ་ཚོས་བུ་མོ་དེར་ཟས་རིན་རྩིས་རྒྱག་སྐབས། གཞི་ནས་བུ་མོ་དེ་ནི་ཟ་ཁང་གི་སྦྱིན་བདག་ཡིན་པ་ཤེས་རྟོགས་བྱུང་།
          ཁོང་གི་མིང་ལ་སྲི་ཐར་ཟེར་བ་དང་བོད་བྱང་ཐང་གནམ་མཚོའི་འགྲམ་གྱི་འབྲོག་པའི་ཁྱིམ་ཚང་ཕལ་པ་ཞིག་ནས་ཡིན་ཞིང་། དམའ་རིམ་སློབ་འབྲིང་སྐབས་སུ་ཁོང་དང་རོགས་པས་ལས་གཏོད་བྱས་ཏེ་སྦྱིན་བདག་ཅིག་བྱ་རྒྱུའི་བསམ་བློ་འཁོར། 2017ལོར་སྲི་ཐར་ཞ་མོན་རྒྱ་མཚོ་ལས་རིགས་སློབ་གླིང་ཐོན་རྗེས། བོད་དུ་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་དང་སྐབས་འཁེལ་བས། ཁོང་གིས་རང་བརྟེན་ལས་གཏོད་བྱེད་འགོ་བརྩམས།
          ད་ཕན་ལོ་ཤས་རིང་། བོད་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ལས་གཏོད་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་ཇེ་ཡངས་སུ་བཏང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མས་མ་དངུལ་བཏང་ནས་མ་འཇོག་དང་ལག་རྩལ་ལ་བརྟེན་ནས་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ཁར། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་རྩ་འཛུགས་ནང་ཞུགས་པའམ་ཡང་ན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་རྣམ་གྲངས་དང་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱས་ཡོད།
          ན་ནིང་ཟླ་བ་བཅུ་གཅིག་པར་སྲི་ཐར་དང་ཁོང་གི་རོགས་པ་ཚོས་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ལས་གཏོད་ཞབས་ཞུ་མཛུབ་ཁྲིད་ལྟེ་གནས་སུ་བསྐྱོད་དེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མ་དངུལ་རེ་ཞུ་བྱེད་རྩིས་བྱས། མ་དངུལ་རེ་ཞུ་བྱེད་པར་ལས་གཉེར་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། ལས་ཞུགས་ལས་གཏོད་ལག་ཁྱེར་སོགས་དཔྱད་ཡིག་དགོས་པ་ཤེས་སྐབས། ཕྱིས་སུ་སྲི་ཐར་གྱིས་མ་དངུལ་རང་གྲབས་བྱས་ཏེ་ཚོང་ཁང་བོགས་མར་བླངས་ནས་ལས་གཉེར་ལག་ཁྱེར་དང་། འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར། ལས་ཞུགས་ལས་གཏོད་ལག་ཁྱེར་བཅས་གཉེར་བ་དང་མ་དངུལ་རེ་ཞུ་ཐུབ་རྗེས། ལྷ་ས་གྲོང་ཁྱེར་གྱི་མི་ཚོགས་འདུ་འཛོམས་ཆེ་བའི་གནས་སུ་ཨ་མའི་ཤ་ཁུའི་བུལ་ཐུག་ཟ་ཁང་བཙུགས་པ་རེད།
          “སློབ་འབྲིང་སྐབས་སུ་ང་ལ་ལས་གཏོད་བྱ་རྒྱུའི་བསམ་བློ་ཡོད། ཕྱིས་སུ་སློབ་ཆེན་དུ་བསྐྱོད་སྐབས་ཀྱང་ལས་གཏོད་སྐོར་གྱི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། བོད་དུ་སློབ་གསོ་གསོ་སྦྱོང་གི་སློབ་གྲྭ་གཉེར་མཁན་ཉུང་ཉུང་ཡིན་པས། ཐོག་མར་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སློབ་གསོའི་ལས་དོན་གཉེར་རྩིས་བྱས་པ་ཡིན”ཞེས་བརྗོད་བྱུང་།
          སྲི་ཐར་སློབ་ཆེན་འགྲིམ་སྐབས་ཁྱིམ་ཚང་དགེ་རྒན་བྱེད་མྱོང་བས་ལས་ཀ་དེ་ཁག་པོ་མེད་སྙམ། “ཕྱིས་སུ་ངས་འབྲེལ་ཡོད་སྡེ་ཚན་ལ་སྐད་ཆ་འདྲི་སྐབས། ལས་ཀ་དེ་རིགས་བྱེད་པར་དགེ་རྒན་གྱི་འོས་བབ་ལག་ཁྱེར་དགོས་པ་དང་དངུལ་ཡང་མང་པོ་གཏོང་དགོས་པ་ཤེས་བྱུང་། ང་ཚོས་སྔོན་ལ་ཆུང་ས་ནས་འགོ་བཙུགས་ཏེ་རིམ་གྱིས་སྟོབས་ཆེར་བཏང་དགོས་བསམ་བྱུང”ཞེས་བཤད།
          དེ་རྗེས་བོད་ཟས་ཁང་འཛུགས་རྒྱུའི་སེམས་ཐག་བཅད། “ཐོག་མར་ལྷ་སའི་མི་ཚོགས་འདུ་འཛོམས་ཆེ་བའི་མཐུན་སྒྲིལ་གྲོང་གསར་དུ་མི་མང་བས་ཟ་ཁང་བཙུགས་ན་དངུལ་མང་པོ་རག་གི་རེད་བསམ་བྱུང་། འོན་ཀྱང་མཐུན་སྒྲིལ་གྲོང་གསར་དུ་ཟ་ཁང་མང་བ་དང་ཁོར་ཡུག་ཡག་པོ་མེད་པའི་ཁར་ད་དུང་ཁང་པར་ཉི་མ་མེད་པ་དང་། རང་ལ་དངུལ་མང་པོ་མེད་ཁར་ནང་བཤུག་གི་དངུལ་ཡང་མཐོ་པོ་འདུག”ཅེས་བརྗོད་བྱུང་།
          མཐར་ད་ཆའི་ཟ་ཁང་དེ་བློ་ལ་བབས་པས་ཁོང་གི་སེམས་པ་ལྷོད་དུ་བབས། འོན་ཀྱང་། སྐབས་དེ་དུས་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་མ་རག་པར་བརྟེན། སྲི་ཐར་གྱིས་སྔོན་ལ་དངུལ་བཏང་ནས་ཟ་ཁང་འཛུགས་དགོས་བསམ་ཡང་། ཕ་མ་གཉིས་ཀྱིས་མོས་མཐུན་བྱས་མེད། ཕ་མ་གཉིས་ཀྱིས་ཁོང་ལ་ལས་ཀ་བརྟན་པོ་ཞིག་འཚོལ་དགོས་པའི་རེ་བ་བྱེད་པ་ལས་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། སྲི་ཐར་གང་བྱེད་འདི་བྱེད་མེད་པར་འགྱུར། ཡིན་ནའང་ཁོ་མོས་རང་ཉིད་ཀྱི་ཕུགས་བསམ་དོར་མེད། “ངས་གྲངས་འབོར་ཉུང་བའི་དངུལ་བུན་རེ་ཞུ་བྱས་པའི་ཐོག་སྤུན་མཆེད་དང་གྲོགས་པོའི་ལག་ནས་དངུལ་གཡར་རྗེས་ཟ་ཁང་དེ་བཙུགས་པ་དང་། མཛེས་བཟོའི་དངུལ་ཚང་མ་རང་ཉིད་ཀྱིས་བཏང་བ་ཡིན། ཕྱིས་སུ་ཕ་མ་གཉིས་ཀྱིས་ཀྱང་ངའི་བློ་དང་བསྟུན་ནས་ང་ལ་རྒྱབ་སྐྱོར་བྱས་བྱུང”ཞེས་སྤོབས་པ་ཆེན་པོས་བཤད་བྱུང་། ཁོ་མོ་དགའ་འོས་པ་ཞིག་ནི་ཟླ་བ་འདིར་རེ་ཞུ་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་རོགས་དངུལ་རག་པ་རེད། ང་ལ་རག་པའི་དངུལ་སྒོར་ཁྲི་5དེ་དག་གིས་ཐབ་ཆས་གསར་པ་ཉོས་པ་མ་ཟད་ཟ་ཁང་གི་ཚལ་གི་སྣ་ཁ་མང་དུ་བཏང་ན་སྐུ་མགྲོན་ཡོང་མཁན་མང་དུ་འགྲོ་གི་རེད་སྙམ་བྱུང་ཞེས་བཤད། ད་ལྟ་སྲི་ཐར་གྱི་ཟ་ཁང་ཆུང་ཆུང་དེར་ཚོང་ཡག་པོ་ཡོད་པ་དང་། ཟླ་རེར་སྒོར་7000ལྷག་ཙམ་ཡོང་གི་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཟ་ཁང་གི་ཚོང་ཡང་དེ་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཀྱིས་ཁེངས། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ཀྱིས་ནུས་ཤུགས་ཡོད་རྒུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་པ་དང་། ལས་ཞུགས་ཐུབ་ཚད་90%ཟིན་ཞིང་མཐོ་སློབ་སློབ་ཐོན་སློབ་མ་9134ཁྲོམ་རའི་ལས་ཞུགས་ནང་ཞུགས་པས་ཁྲོམ་རའི་གཙོ་ཁྲིད་ནུས་པའི་ལས་ཞུགས་འཕེལ་རྒྱས་ཆེ་རུ་ཕྱིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།