འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི“གླེང་མོལ། དུས་བཞི”ཞེས་པའི་དབྱིན་ཇིའི་ལྷོ་ངོགས་ཀྲུང་དབྱིན་སྒྱུ་
    རྩལ་སྤེལ་རེས་ཀྱི་རིམ་སྤེལ་འགྲེམས་སྟོན་ལོན་ཏོན་དུ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“གླེང་མོལ། དུས་བཞི”ཞེས་པ་དབྱིན་ཇིའི་ལྷོ་ངོགས་ཀྲུང་དབྱིན་སྒྱུ་རྩལ་སྤེལ་རེས་ཀྱི་རིམ་སྤེལ་འགྲེམས་སྟོན་ཟླ་7ཚེས་31ཉིན་གྱི་དགོང་མོ་ལོན་ཏོན་གཙང་པོའི་ཆུ་ངོགས་ཀྱི་རི་མོའི་འགྲེམས་སྟོན་བར་ཁྱམས་སུ་འགོ་བཙུགས་པ་དེའི་དམིགས་ཡུལ་ནི་ཀྲུང་དབྱིན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་དབྱིན་ཇིར་ཀྲུང་གོའི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་རེད།
         ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི“དུས་བཞི”ཡིན་པ་དང་ཁྱོན་ཀྲུང་གོའི་རི་མོ་མཁས་ཅན་6གི་བརྩམས་ཆོས་48དང་དབྱིན་ཇིའི་རི་མོ་མཁས་ཅན་4ཡི་བརྩམས་ཆོས་16འགྲེམས་སྟོན་བྱས་ཡོད་པ་རེད། རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་སྒྱུ་རྩལ་གྱི་བྱ་ཐབས་མི་འདྲ་བ་སྤྱད་ནས་འཚོ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་ཟུང་འབྲེལ་བྱས་ཏེ་དུས་བཞིའི་སྐོར་བྲིས་ཡོད་པ་རེད།
         འགྲེམས་སྟོན་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོའི་རི་མོ་མཁས་ཅན་གྱི་བརྩམས་ཆོས་ནང་སྣུམ་ཚོན་རི་མོ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་རི་ཆུ་དང་། མི་སྣ། མེ་ཏོག་དང་འདབ་ཆགས་སོགས་ཀྱི་རི་མོའི་རིགས་མང་པོ་ཚུད་ཡོད་པས་ཀྲུང་གོའི་སྣག་རིས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་མཚོན་ཡོད། དབྱིན་ཇིའི་རི་མོ་མཁས་ཅན་གྱི་བརྩམས་ཆོས་ཀྱིས་དངོས་ཡོད་རིང་ལུགས་ཀྱི་ཉམས་འགྱུར་དང་ཐབས་མཁས་ཀྱི་རི་མོ་འབྲི་རྩལ་ཟུང་འབྲེལ་བྱས་ཏེ་ཆུ་ཚོན་རི་མོ་དང་དེང་རབས་ཀྱི་པར་ཤིང་རི་མོར་བརྟེན་ནས་དབྱིན་ཇིའི་ཁྱད་ཆོས་ལྡན་པའི་དུས་བཞི་མངོན་པར་བྱས་ཡོད་པ་རེད། 
         དབྱིན་ཇིའི་གོང་མ་ཚང་གི་པར་ཤིང་རི་མོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་གཙོ་མའེ་ཁེར་·པ་ལེ་ཐེས་འགྲེམས་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས་ཁོང་གིས་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱིས་སྲོལ་རྒྱུན་གྱི་རི་མོ་འབྲི་སྟངས་དང་ཡིག་གཟུགས་འབྲི་རྩལ་སྤྱད་དེ་རི་ཆུའི་མཛེས་ལྗོངས་འབྲི་བ་མ་ཟད། དེང་རབས་ཀྱི་ཉམས་འགྱུར་ལ་བརྟེན་ནས་མི་སྣ་དང་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དུས་བཞིའི་འཚོ་བ་མཚོན་པར་བྱས་པ་དེར་ཧང་སངས་པ་དང་། ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་དེས་ཁོང་གིས་ཀྲུང་གོའི་རི་མོའི་སྒྱུ་རྩལ་ལ་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།