འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་སྣེ་ལེན་ཚོགས་འདུ་འཚོགས་ཏེ་དམག་དཔུང་
    བཙུགས་ནས་ལོ་91འཁོར་བར་རྟེན་འབྲེལ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྣེ་ལེན་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་91འཁོར་བར་རྟེན་འབྲེལ་ཞུས་པ་རེད།
            ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྐམ་མཚོ་མཁའ་དམག་གི་དྲག་དཔོན་ཁུའེ་ཡན་ཝུའེ་ཡིས་སྣེ་ལེན་ཚོགས་འདུའི་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཀྱིས་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
           ཨུ་རུ་སུ་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཕུའུ་མིང་གིས། མིག་སྔར་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དམག་དོན་མཉམ་ལས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་འཛམ་གླིང་ཞི་བདེ་དང་ས་ཁུལ་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་ཁྱོན་ཡོངས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་ཅེས་བཤད།
           རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་ཡིས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་འབད་བརྩོན་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད།
          རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཞུས་ཤིན་ཧྭ་ཡིས། ཀྲུང་རིའི་འབྲེལ་བ་རྒྱུན་གཏན་གྱི་འཕེལ་རྒྱས་བགྲོད་ལམ་ཐོག་སླར་ཡང་ལོག་ནས་རྒྱལ་ཁབ་གཉིས་པོའི་འགོག་སྲུང་སྤེལ་རེས་མཉམ་དུ་སླར་གསོ་བྱུང་བ་དང་སྦྲགས་ཤུགས་སྣོན་ཡང་ཐེབས་ཡོད། ཕྱོགས་གཉིས་པོས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་སྙིང་སྟོབས་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཆེད་མདུན་ལམ་གསར་པ་གཏོད་པ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཆེད་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
           ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཅན་ཧྭ་ཡིས། ཉེ་བའི་ལོ་ཤས་རིང་ཀྲུང་ཧྥི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ལ་དགའ་འོས་པའི་འཕེལ་རྒྱས་བྱུང་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཧྥི་ལི་ཕིན་སོགས་ཀྲུང་གོའི་མཐའ་འཁོར་རྒྱལ་ཁབ་ཀྱི་དམག་དོན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བཤད།
           རོ་མ་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ལིའུ་ཐའོ་ཡིས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་དང་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ཞིབ་པར་བཤད་པ་དང་། ཁོང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེས་མིག་སྔའི་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱ་རྒྱུར་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་མཛུབ་སྟོན་གནང་བ་རེད། རོ་མ་ནི་ཡ་དམག་གི་སྤྱི་ཁྱབ་ཚན་མོའུ་ཀྲང་ཉི་ཀུའུ་ལ·ཆིའུ་ཁེ་ཡིས་ཀྲུང་གོའི་དམག་དཔུང་སྒྱུར་བཅོས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་རྒྱལ་སྤྱིའི་བདེ་འཇགས་ལས་དོན་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་དམག་དཔུང་གིས་མི་སྣ་གསོ་སྦྱོང་བྱ་རྒྱུ་ཚུད་པའི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད།
             སུའེ་ཏེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཞུས་ཅུན་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་ལུགས་ངོ་སྤྲོད་གནང་བ་དང་ཉེ་བའི་ལོ་ཤས་རིང་ཀྲུང་སུའེ་དབར་གྱི་དམག་དོན་སྤེལ་རེས་ཐད་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱིར་ལྟ་གནང་བ་རེད། ཁོང་གིས་དམག་དཔུང་གཉིས་ཀྱི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་རྒྱུན་ཆད་མེད་པར་བྱས་ཏེ་ཕྱོགས་གཉིས་པོས་ཞི་བདེ་སྲུང་སྐྱོང་དང་། ཇུས་འདོན་ཚོགས་པ། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
            ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཁྲེན་ཅིང་སུང་གིས། མིག་སྔར་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དམག་དཔུང་གི་མཐོ་རིམ་འགྲོ་འོང་དང་། ཆེད་ལས་ཚོགས་པའི་འཚམས་འདྲི། དམག་དོན་གསོ་སྦྱོང་སོགས་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
           ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཀྲང་ཅིང་ཨེན་གྱིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་བརྗོད་སྐབས། ཁོང་གིས་ཀྲུང་ཆིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་48སོང་ཚུན་རྒྱལ་ཁབ་གཉིས་པོའི་དམག་དཔུང་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དམག་དཔུང་གཉིས་ཀྱི་མཐོ་རིམ་དབར་གྱི་ཕན་ཚུན་འཚམས་འདྲི་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ། དམག་དོན་ཆེད་ལས་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོའི་དམག་དོན་ཚོང་དོན་ཀུང་སིས་ཆི་ལིའི་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་དང་། མཚོ་དམག་འགྲེམས་སྟོན། བདེ་འཇགས་འགྲེམས་སྟོན་བཅས་ལ་མཐོང་ཆེན་གནང་བ་མ་ཟད་དེའི་ནང་ཧུར་ཐག་ཞུགས་ཡོད། ཀྲུང་གོའི་དམག་དཔུང་གིས་གོ་མཚོན་དང་། རྒྱབ་ཕྱོགས་མཁོ་སྒྲུབ། མི་སྣ་གསོ་སྦྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ཁྱབ་ཁོངས་སུ་ཆི་ལིའི་དམག་དཔུང་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བཤད།
            ཉེ་ཆར། ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། སྣེ་ལེན་ཚོགས་འདུར་ཞུགས་མཁན་ཨེ་ཅིབ་ཕྱོགས་ཀྱི་དམག་སྲིད་དཔོན་རིགས་སོགས་སྐུ་མགྲོན་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་91ནང་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་དམག་དཔུང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཐད་འབད་བརྩོན་དོན་གཉེར་བྱས་པར་གདེང་འཇོག་གང་ལེགས་གནང་བ་དང་། འབྱུང་འགྱུར་ཀྲུང་གོའི་དམག་དཔུང་གིས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།