འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་ལ་རྒྱལ་སྲུང་དབང་བཅོལ་བཅའ་ཁྲིམས་འཆར་ཟིན་ནང་གི་ཀྲུང་
    གོ་དང་འབྲེལ་བའི་ནང་དོན་མི་ལེགས་པ་དག་བསུབ་རྒྱུའི་སྐུལ་འདེབས་བཏང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀེང་ཧྲོང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་2019ནོར་སྲིད་ལོའི་རྒྱལ་སྲུང་དབང་བཅོལ་བཅའ་ཁྲིམས་འཆར་ཟིན་ནང་གི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་གཏན་ནས་བློར་བབས་མེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་བསྟན་ཞིང་། ཨ་རི་ཕྱོགས་ཀྱིས་ནང་དོན་མི་ལེགས་པ་དག་མགྱོགས་པོར་བསུབ་རྒྱུའི་སྐུལ་འདེབས་བཏང་བ་རེད།  
        ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་23ཉིན་ཨ་རིའི་རྒྱལ་ཚོགས་སུ་2019ནོར་སྲིད་ལོའི་རྒྱལ་སྲུང་དབང་བཅོལ་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། དེའི་ནང་དོན་མང་པོ་ཞིག་ཀྲུང་གོ་དང་འབྲེལ་བ་ཡོད་པ་སྟེ། ཨ་རི་དང་ཐའེ་ཝན་བར་འགོག་སྲུང་གི་འབྲེལ་བ་ནན་པོ་བྱ་རྒྱུ་དང་། ལྷོ་རྒྱ་མཚོ་རུ་ཀྲུང་གོའི་"བྱ་སྤྱོད་དྲག་པོ"ལ་ཞིབ་འཇུག་བྱ་རྒྱུ་སོགས་འདུས་ཡོད་པས། དེའི་ཐད་ལ་ཀྲུང་གོར་དཔྱད་འཇོག་གང་འདྲ་ཡོད་ཅེས་དྲིས་པ་རེད། 
         ཀེང་ཧྲོང་གིས། གོང་དུ་བརྗོད་པའི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་དེ་དག་ལ་ཀྲུང་གོའི་ཕྱོགས་གཏན་ནས་བློར་བབས་མེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། དེའི་ཐད་ལ་ཨ་རི་དང་འབྲེལ་གཏུག་གཟབ་ནན་ཐེངས་མང་བྱས་ཡོད་ཅེས་བཤད།
         ཀེང་ཧྲོང་གིས། འབྲེལ་ཡོད་ཀྱི་ནང་དོན་གྲོས་འཆམ་བྱུང་ནས་གལ་ཏེ་བཅའ་ཁྲིམས་སུ་གྱུར་ན། ཀྲུང་གོ་དང་ཨ་རིའི་བར་ཕན་ཚུན་ཡིད་ཆེས་ལ་གེགས་རྐྱེན་ཚབས་ཆེན་བཟོ་ངེས་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་མཉམ་ལས་སྤེལ་རེས་དང་། དེ་བཞིན་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་རྐྱེན་བཟོ་ངེས། “ང་ཚོས་ཨ་རི་ཕྱོགས་ལ་འཇམ་འཐབ་ཀྱི་བསམ་བློ་དང་གཅིག་རྒྱལ་གཅིག་ཕམ་གྱི་འཐབ་འགྲན་བསམ་བློ་རྙིང་བ་དག་དོར་ནས། འབྲེལ་ཡོད་ཀྱི་ནང་དོན་མི་ལེགས་པ་དག་གང་མགྱོགས་སུ་བསུབ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ལྷིང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ་ལས་གེགས་རྐྱེན་མི་བཟོ་པ་སྐུལ་འདེབས་བྱེད་རྒྱུ་ཡིན”ཞེས་བསྟན། 
      

    ཕྱོགས་བསྡུས་གསར་འགྱུར།