འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་དུ་ལས་དོན་སྒྲུབ་པར་འགྲོ་སྐབས་དྲ་ཐོག་ནས་ཅ་ལག་ཉོ་བ་ལྟར་སྟབས་བདེ་
    པོ་འདུག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུ་འཚོགས་ནས་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ཀྱིས་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་གཏོད་པ་སོགས་ཀྱི་བྱེད་ཐབས་ངོ་སྤྲོད་བྱས་པ་རེད།
          དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲོམ་རའི་བྱེད་པོ་དང་མང་ཚོགས་དོན་དག་སྒྲུབ་པའི་དཀའ་གནད་ཐག་གཅོད་བྱས་ཏེ་གསར་གཏོད་དང་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་ཆེད། འདི་ལོའི་ཟླ་གསུམ་པར་པེ་ཅིང་གྲོང་ཁྱེར་གྱིས་སྲིད་འཛིན་ཆོག་འཐུས་གཉེར་བ་དང་། ཁེ་ལས་གཉེར་བ། ཁྲལ་བསྡུ། གློག་ཤུགས་མཁོ་སྤྲོད། རྒྱལ་སྒྲོལ་ཚོང་དོན། ཡིད་རྟོན་དངུལ་བུན་གཡར་བ། རྒྱུ་ནོར་ཐོ་འགོད་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ཀྱི་གཅིག་སྡུད་སྒྱུར་བཅོས་འགག་སྒྲོལ་ལ་དམིགས་ནས“9+N”ཡི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་ཆ་འཕྲིན་རིམ་གྱིས་མཉམ་སྤྱོད་ཐུབ་པར་བྱས་ཏེ། སྲིད་དོན་ཞབས་ཞུ་གཅིག་འཐུས་རྣམ་པའི་སྒོ་ནས་སྒྲུབ་པ་དང་ཁྲལ་དང་འབྲེལ་བ་ཡོད་པའི་ལས་སྒོ་གྲོང་ཁྱེར་ཡོངས་ནས་གཉེར་ཐུབ་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་རེད།
         ཁེ་ལས་དང་མང་ཚོགས་ཀྱིས་སྲིད་གཞུང་དུ་དོན་དག་སྒྲུབ་པར་འགྲོ་སྐབས་དྲ་ཐོག་ནས་ཅ་ལག་ཉོ་བ་ལྟར་སྟབས་བདེ་ཡོང་ཆེད། ཧྲང་ཧའེ་གྲོང་ཁྱེར་གྱིས“དྲ་ཚིགས་གཅིག་ནས་ལས་དོན་ཚང་མ་སྒྲུབ་པ”དང“དྲ་ཚིགས་གཅིག་ནས་བདག་སྤྲོད”བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་བློ་རིག་རྣམ་པའི་ཞབས་ཞུའི་སྲིད་གཞུང་མགྱོགས་མྱུར་སྐྲུན་བཞིན་ཡོད། སྔོན་ཆད་སྡེ་ཚན་གྱི་དོ་དམ་ལྟེ་བར་བྱེད་པ་ནས་སྤྱོད་མཁན་ལ་ཞབས་འདེགས་ཞུ་བ་ལྟེ་བར་བྱེད་པའི་སྲིད་གཞུང་གི་ཞབས་ཞུའི་མ་ལག་ལ་བསྒྱུར་ཏེ། ཁྱོན་ཡོངས་དང་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པའི“དྲ་ཚིགས་གཅིག་ནས་ལས་དོན་ཚང་མ་སྒྲུབ་པའི”གཙོ་ཆེའི་དྲ་ཚིགས་ཤིག་བཏོད་པ་དང་སྦྲགས་གྲོང་མིའི་ཐད་སྦྲེལ་ཞབས་ཞུའི་ཁ་པར་12345ཡང་བཏོད་ཡོད་ཅིང་། ཁེ་ལས་དང་གྲོང་མི་གང་རུང་ཞིག་ལ་ལས་ཀ་ཡོད་སྐབས། 12345ཡི་ཞབས་ཞུའི་སྤྱི་ཁྱབ་ལྟེ་གནས་སུ་ཁ་པར་རྒྱག་ཆོག སྲིད་གཞུང་གི་ཞིབ་བཤེར་མཆན་བཀོད་དང་ཞབས་ཞུ་ཁག་3000ལྷག་ཙམ་སྐར་ཁུང་དེ་ནས་བདག་སྤྲོད་བྱེད་ཐུབ་ཀྱི་ཡོད།
         ཧྲང་ཧའེ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲོའུ་པོ་ཡིས་དེ་སྔའི་གྲངས་གཞི་མཉམ་འདུས་ཀྱི་མཉམ་སྤྱོད་འཇུར་མིག་མེད་པར་བཟོ་དགོས་ན། སྔོན་ལ་གྲངས་གཞིར་བརྟེན་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།
         ཁེ་ལས་དང་མང་ཚོགས་ཀྱིས་འགྲོ་ཐེངས་གཅིག་ལ་བྱ་བ་སྒྲུབ་ཐུབ་པ་མངོན་འགྱུར་བྱ་ཆེད། ཀྲེ་ཅང་ཞིང་ཆེན་གྱིས“སྐར་ཁུང་གཅིག་ནས་བདག་སྤྲོད་ཀྱིས་མཉམ་དུ་ཞབས་འདེགས་ཞུ་བ”ལག་ལེན་བསྟར་ཏེ། སྡེ་ཚན་ལ་དོན་དག་སྒྲུབ་པའི་གོ་རིམ་ལེགས་སུ་གཏོང་རྒྱུའི་ལྡོག་སྐུལ་བྱས་ནས་ལས་སྒོ་སྒྲུབ་པའི་ཡིག་ཆ་ཁུ་བསྡུ་དང་དོན་དག་སྒྲུབ་ཡུན་ཐུང་དུ་བཏང་བ་རེད།
         ཀྲེ་ཅང་ཞིང་ཆེན་གྱི་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཧྥེང་ཧྥེ་ཡིས་མང་ཚོགས་ཀྱི་དོན་དག་ཅིག་ཚད་གཞིར་བཟུང་ནས་སྡེ་ཚན་གྱི་སྐར་ཁུང་བསྡུ་སྒྲིལ་བྱས་ཏེ་ཕྱོགས་བསྡུས་སྐར་ཁུང་བཟོས་ཏེ“མདུན་ཕྱོགས་ནས་ཕྱོགས་བསྡུས་བདག་སྤྲོད་དང་། རྒྱབ་ཕྱོགས་ནས་རིགས་དབྱེ་དང་ཞིབ་བཤེར་མཆན་བཀོད། ཕྱོགས་བསྡུས་སྐར་ཁུང་ནས་ཡིག་ཆའམ་ལག་ཁྱེར་ཐོན་པ་བཅས་ཀྱི”སྲིད་དོན་ཞབས་ཞུའི་རྣམ་པ་ཞིག་གཏོད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཧྥེང་ཧྥེས་ང་ཚོའི་ཕྱོགས་སྡོམ་ལྟར་ན“འགྱུར་ལྡོག་གསུམ”ཡོང་ངེས་ཏེ། མང་ཚོགས་དང་ཁེ་ལས་ཀྱིས་བྱ་བ་སྒྲུབ་སྐབས་སྡེ་ཚན་རེ་རེར་བསྐྱོད་པ་ནས་ཐད་ཀར་སྲིད་གཞུང་དུ་སྐྱོད་པའི་བར་འགྱུར་ལྡོག་དང་། སྲིད་གཞུང་སྡེ་ཚན་གྱིས་ཁེར་རྐྱང་དུ་ལས་ཀ་བྱེད་པ་ནས་མཉམ་དུ་ལས་ཀ་བྱེད་པའི་བར་འགྱུར་ལྡོག སྲིད་འཛིན་གྱི་དབང་ཆ་ལག་ལེན་བསྟར་བ་ནས་སྲིད་འཛིན་གྱི་འགན་འཁྲི་འཁུར་བའི་བར་འགྱུར་ལྡོག་ཡོང་བ་བཅས་རེད། སྒྱུར་བཅོས་འདི་ལྟ་བུར་མང་ཚོགས་དང་ཁེ་ལས་ཀྱི་གདེང་འཇོག་བཟང་པོ་ཐོབ་བཞིན་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།