འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་དུ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་
    ཚོགས་འཕེལ་རྒྱས་ལ་ཆེད་དོན་བརྟག་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁུལ་དཔལ་འབྱོར་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། སྣོད་བཅུད་གནས་སྤོ། ཁ་གཏད་རོགས་སྐྱོར་བཅས་ཀྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱས་པ་རེད།
         བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་ཉག་ར་ཤང་དུ་ཡོང་ནས་བོད་ལྗོངས་ཆབ་མདོའི་འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་དང་དེ་བཞིན་སྣོད་བཅུད་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་། རྫོང་གྲོང་ནས་ཉག་ར་ཤང་བར་གྱི་གཞུང་ལམ་གྱི་གནས་ཚུལ་དང་ཤང་ལྟེ་བའི་ཞག་སྡོད་སློབ་ཆུང་གི་ལུས་རྩལ་ཐང་འཛུགས་སྐྲུན་གནས་ཚུལ་སོགས་ལ་བརྟག་ཞིབ་བྱས་པ་མ་ཟད། གནས་པའི་དཀའ་ངལ་དང་གནད་དོན་སྐད་ཆ་ཞིབ་ཕྲ་དྲིས་པ་རེད། པད་བཀྲ་ནགས་ར་དང་ཤར་མདའ་གྲོང་རྡལ་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་གནས་ཚུལ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་དང་བུ་ཕྲུག་སློབ་ཞུགས་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་བྱ་ཐབས་དང་ཕན་འབྲས་ཤེས་རྟོགས་བྱས་པ་རེད།
         དེ་རྗེས་བརྟག་ཞིབ་ཚོགས་ཆུང་རྫ་སྟོད་རྫོང་ས་ཧུའེ་ཐེང་གྲོང་རྡལ་དུ་ཡོང་ནས་2016ལོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་འཕེལ་རིམ་དང་ཕན་འབྲས་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་བྱས་པ་དང་དུད་ཚང་དབུལ་པོ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཁོང་ཚོའི་ཡོང་འབབ་དང་འཚོ་བའི་ཡོང་ཁུངས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་གནས་ཚུལ་གྱི་ངོ་སྤྲོད་ཉན་པ་རེད། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལྟེ་བའི་ཁུལ་ཡིན་པའི་རྣམ་སྲས་ཤང་པ་ཨེ་ཡུང་དུ་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད། པེ་ཅིང་སློབ་ཆེན་ཚེ་སྲོག་སློབ་གླིང་རྣམ་སྲས་ཕྱི་རོལ་ལས་དོན་ས་ཚིགས་ཀྱི་དང་བླངས་པ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ། ས་གནས་དེ་གའི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་འབྲོག་པ་དང་འབྲེལ་ཡོད་གནས་ཚུལ་སྤེལ་རེས་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་འབྲེལ་ཡོད་ལས་དོན་གྱི་གྲོས་འགོ་དང་བསམ་འཆར་ཉན་པ་རེད། ཡུལ་ཤུལ་གྲོང་ཁྱེར་བདེ་ཉེ་ཀེ་སྡེ་ཁུལ་གྱི་གྲོང་མིའི་དུད་ཚང་དུ་བསྐྱོད་ནས་གནས་སྤོས་སྡོད་ཁང་གི་རྒྱ་ཁྱོན་དང་སྤུས་ཚད། གྲོང་མིའི་འཚོ་བའི་གནས་ཚུལ་དང་དེ་བཞིན་གནས་སྤོས་གྲོང་མིའི་རྗེས་མཐུད་ཡོང་འབབ་ཡོང་ཁུངས་སོགས་ལ་བརྟག་དཔྱད་གཏིང་ཟབ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།