འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གཅེས་སེམས་ལོ་སིའི་གེགས་ཁུལ་དུ་བཅངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། “ང་ཚོས་གེགས་སེལ་དངོས་རྫས་ཉོ་བཞིན་ཡོད། དེ་རྗེས་དངོས་རྫས་དེ་དག་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་རྒྱུ་ཡིན་པ་དང་། ད་ལྟ་ང་ཚོ་ཆིའུ་མོ་ཏིང་ནས་གེགས་ཁུལ་དུ་སྐྱོད་པའི་ལམ་བར་དུ་ཡོད” ལོ་སིའི་ལྷོ་རྒྱུད་ཀྱི་ཨ་སུས་ཕོ་ཞིང་ཆེན་སང་ཧྥན་—སང་ནན་ནེ་ཆུ་ཤུགས་གློག་ཁང་ལ་ཚེས་23ཉིན་གྱི་དགོང་མོ་ཆུ་རགས་ནས་ཆུ་ཤོར་བའི་ལས་འཛོལ་ཐོན་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གནས་ཚུལ་ཐོན་ཡུལ་དུ་སྐྱོད་བཞིན་ཡོད་པ་དང་། དེའི་སྐབས་ལོ་སིའི་བྱང་རྒྱུད་དུ་ཨར་སྐྲུན་བྱེད་བཞིན་པའི་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་ཀྲུང་ལོ་ལྕགས་ལམ་དུམ་མཚམས་དང་པོའི་ཡན་ལག་ཁུལ་གཉིས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཡུང་ལ་ཛ་དྲག་རོགས་སྐྱོབ་ཀྱི་ཆ་འཕྲིན་འབྱོར་ཡོད་པ་རེད།
          ལོ་སི་སྲིད་གཞུང་གིས་ལས་འཛོལ་གྱི་ཤུགས་རྐྱེན་ཕོག་པའི་ས་ཁོངས་དེ་རྒྱལ་ཁབ་ཀྱི་ཛ་དྲག་གེགས་ཁུལ་དུ་གཏན་འཁེལ་བྱས་པ་དང་། བསྡོམས་རྩིས་བྱས་པའི་གནོད་འཚེ་ཕོག་པའི་ཁྱིམ་ཚང་1005ཡོད་པ་དང་། དེའི་ནང་ནས་མི་34གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། གནོད་འཚེའི་གནས་ཚུལ་དེས་ལོ་སིའི་མི་དམངས་ལ་སེམས་ཁྲལ་བྱུང་ཡོད་ལ་ལོ་སིར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ལའང་སེམས་ཁྲལ་ཆེན་པོ་བྱུང་ཡོད་པ་རེད།
         “ཚེས་24ཉིན་ང་ཚོས་ལོ་སིའི་ལྷོ་རྒྱུད་ཀྱི་གཞུང་ལམ་གྱི་དྲ་བའི་ལེགས་ཆ་སྤྱད་དེ་སྟབས་བདེའི་ཐུག་པ་དང་གེགས་སེལ་དངོས་རྫས་གཞན་དག་རླངས་འཁོར་གང་གེགས་ཁུལ་དུ་དབོར་རྒྱུ་སྒྲིག་འཛུགས་བྱས་པ་ཡིན”ཞེས་ཚེས་25ཉིན་ཀྲུང་གོའི་མ་འཇོག་ཁེ་ལས་ལོ་སིའི་ལེའོ་ཀྲུང་ཧུང་ཐ་ཧའོ་ཡུན་རྡོ་ཐ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མ་ཤུས་ཀྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཀུང་སིའི་ནང་ངོས་སུ་ཞལ་འདེབས་དངུལ་བསྡུ་འགོ་ཚུགས་པ་དང་སྦྲགས་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་བ་བྱས་ནས་གེགས་ཁུལ་གྱི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་ཐུབ་པ་བྱས་ཡོད”ཅེས་བཤད་བྱུང་།
         ལས་འཛོལ་ཐོན་རྗེས་ལོ་སིའི་ཀྲུང་གོའི་མ་འཇོག་ཁེ་ལས་ཆེ་ཤོས་ཡིན་པའི་ཆ་ནས་ཀྲུང་གོ་གློག་སྐྲུན་ཀུང་སིས་འཕྲལ་མ་ཉིད་དུ་ལས་འཛོལ་ཐོན་ཡུལ་དང་བར་ཐག་ཉེ་ཤོས་ཀྱི་རྣམ་གྲངས་པུའི་མི་སྣས་རོགས་སྐྱོབ་དངོས་རྫས་ཁྱེར་ནས་གེགས་ཁུལ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཡོད་པ་རེད།
         “ཆུ་རགས་ཤོར་བའི་ལས་འཛོལ་ཐོན་རྗེས། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཕྲལ་མ་ཉིད་དུ་ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་བདེ་འཇགས་གྲལ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་གེགས་ཁུལ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཡོད། ཀྲུང་གོ་གློག་སྐྲུན་ཀུང་སིས་ལོ་སིར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་ཕྱིན་ཡོད་པས་ང་ཚོས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ནས་ལོ་སིའི་མི་དམངས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་སྐྱོར་གང་ཐུབ་བྱས་ཏེ་གནོད་འཚེ་ཕོག་པའི་ཡུལ་མི་རྣམས་ལ་རོགས་རམ་དང་ཞབས་འདེགས་ནུས་ལྡན་ཞུ་རྒྱུ་ཡིན”ཞེས་ཀྲུང་གོ་གློག་སྐྲུན་ལོ་སིའི་འཐུས་མི་ཁྲུའི་ཕྱོགས་བསྡུས་པུའི་སྤྱི་ཁྱབ་ཅིང་ལི་དང་ཀྲུང་གོ་གློག་སྐྲུན་ཀུང་སིའི་ད་ཐེངས་རོགས་སྐྱོབ་བྱེད་སྒོའི་ས་གནས་ས་ཐོག་གི་བཀོད་འདོམས་པ་ཧྲེན་དབྱི་ཡིས་ཚེས་25ཉིན་གེགས་ཁུལ་དུ་སྐྱོད་བཞིན་པའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བཤད་བྱུང་།
         ཧྲེན་དབྱི་ཡིས་ངོ་སྤྲོད་བྱས་དོན། ཚེས་24ཉིན་གེགས་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་ཀྲུང་གོ་གློག་སྐྲུན་ཀུང་སིའི་རྣམ་གྲངས་པུའུ་ཁག་གིས་གནོད་འཚེ་ཕོག་ཁུལ་དུ་མི་སྣ་མངགས་ཡོད་ལ་གནོད་འཚེ་ཕོག་ཁུལ་དུ་མཁོ་བའི་དངོས་རྫས་འབོར་ཆེན་ཡང་རྣམ་གྲངས་པུའུ་ནས་ཛ་དྲག་ངང་གནོད་འཚེ་ཕོག་ཁུལ་དུ་དབོར་ཏེ་གནོད་འཚེ་ཕོག་པའི་ཡུལ་མིའི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་བྱས་ཡོད། རྣམ་གྲངས་ཁུལ་དུ་ཡོད་པའི་རོགས་སྐྱོབ་འཕྲུལ་ཆས་དང་སྒྲིག་ཆས་ཀྱང་བཀའ་བསྒུགས་ནས་ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་ཟམ་པ་མྱུར་བཟོ་བྱ་རྒྱུའི་གྲ་སྒྲིག་བྱས་ནས་བསྡད་ཡོད། གནོད་འཚེ་ཕོག་ཁུལ་དུ་ཀྲུང་གོ་གློག་སྐྲུན་ཀུང་སིས་རོགས་སྐྱོར་ས་ཚིགས་བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དངོས་རྫས་སྤྲད་ཡོད། ཛ་དྲག་ངང་རོགས་སྐྱོབ་བྱེད་པ་དང་དུས་མཚུངས། ད་དུང་ཀྲུང་གོ་གློག་སྐྲུན་ཀུང་སིས་རགས་ཆེན་དང་ཆུ་དཔྱད་ཐད་ཀྱི་རིགས་གཅིག་མཁས་ཅན་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་ལོ་སི་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གོམ་སྟབས་རྗེས་མར་རགས་ཆེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།