འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཕན་བྱ་སྤྱོད་ལས་བྱུང་བའི་བརྩེ་སེམས། 

    —— “དགེ་སྒྲུབ་དབུལ་སྐྱོར་བདེ་ཐང་བྱ་སྤྱོད”ཀྱི་སྤྱི་ཕན་རྣམ་གྲངས་མཚོ་སྔོན་ཡུལ་ཤུལ་དུ་སྤེལ་བའི་སྐོར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ལོ་49ལ་སླེབས་པའི་བོད་རིགས་ནད་པ་སྐལ་གཡང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་སྔ་སྣུར་དུ་ཡོང་ནས་ཉིན་7སྒུག
         ཁོང་གི་རྐང་པ་གཡས་པའི་བརླ་རུས་ལ་ལྷན་སྐྱེས་རང་བཞིན་གྱི་དཔྱི་ཚིགས་འཚར་སྐྱེ་ཞན་པའི་ནད་གཞི་ཕོག་ཅིང་། གོམ་པ་བརྟན་པོ་ཞིག་སྤོ་ཐུབ་ཆེད་ལོ་ངོ་20ཏག་ཏག་སྨན་བཅོས་ཐུབ་རྒྱུའི་རེ་སྒུག་བྱས་ནས་བསྡད་ཡོད།
          ཉེ་ཆར། པེ་ཅིང་པོ་ཨའེ་སྨན་ཁང་རུས་ཚིགས་ནད་གཞི་སྨན་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཆུས་ཐེ་པིང་གིས་རིགས་གཅིག་མཁས་ཅན་ཚོགས་པའི་སྣེ་འཁྲིད་དེ་པེ་ཅིང་ནས་ཡུལ་ཤུལ་དུ་སྐལ་གཡང་ལ་ནད་གཞི་བརྟག་དཔྱད་བྱེད་པར་ཡོང་བ་མ་ཟད་གཤགས་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་ཞིག་བཟོས་ཡོད།
         “ཁྱིམ་གྱི་འཁོས་ཀ་ཞན་པས་རྐང་པ་ན་ནས་ལོ་20སོང་ནའང་ནད་གཞི་ལྟ་བའི་དངུལ་མེད། ལོ་ན་ཆུང་དུས་རྟག་ཏུ་རང་ཉིད་ཀྱིས་ལས་ཀ་ཅི་ཡང་མི་འཇོན་པས་ཕན་ཐོགས་ཀྱི་མི་འདུག་ཅེས་འཁང་ར་བྱེད་ཀྱི་ཡོད། སྲིད་གཞུང་དང་སྨན་པས་ངར་རོགས་རམ་གནང་བར་ཐུགས་རྗེ་ཆེ། གལ་ཏེ་དྲག་སྐྱེད་བྱུང་ན་ངས་ཀྱང་ལས་ཀ་ཕྲན་ཙམ་འཇོན་པ་འདུག”ཅེས་སྐལ་གཡང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
         “གཤགས་བཅོས་ཆུ་ཚོད་གཅིག་ལྷག་ཙམ་ལས་མ་འགོར་བར་བདེ་བླག་བྱུང་སོང་། དྲག་སྐྱེད་སྨན་བཅོས་གང་ཙམ་བྱས་རྗེས་ནད་པའི་རྐང་པ་རིམ་བཞིན་དྲག་ཏུ་འགྲོ་ཐུབ། གཞན་ཡང་ང་ཚོས་ད་དུང་ཁོ་མོའི་ཐང་པོ་མེད་པའི་རྐང་པ་གཡོན་མར་ཡང་གཤགས་བཅོས་བྱེད་དགོས་བསམས་ཀྱི་འདུག”ཅེས་ཆུས་ཐེ་པིང་གིས་བཤད།
        སྐལ་གཡང་ནི་ལམ་འགྲོ་རྒྱུག་པ་ཞིག་རེད། དེ་ཉིན་ཡུལ་ཤུལ་ས་ཁུལ་གྱི་བོད་རིགས་སྤུན་ཟླ་5ལ་ཁོང་དང་འདྲ་བར་ལམ་འགྲོ་རྒྱུག་ནས་པུས་ཚིགས་ཚབ་བརྗེའི་གཤགས་བཅོས་བྱ་རྒྱུ་བྱུང་ཡོད།
         ཡིན་ནའང་ནད་པ་མང་པོ་ཞིག་ཡུལ་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པ་དང་ཁྱིམ་ཚང་དབུལ་བར་བརྟེན་ལོ་མང་རིང་རུས་ཚིགས་ནད་གཞིས་མནར་ཀྱང་སྡུག་རུས་བྱེད་དགོས་བྱུང་བ་དང་། མི་མང་པོ་ཞིག་འཚོ་བའང་རང་མགོ་མ་ཐོན་པར་ཁྱིམ་ཚང་ལ་ཁུར་པོ་ལྕི་པོ་བཟོས་ཡོད།
         “དགེ་སྒྲུབ་དབུལ་སྐྱོར་བདེ་ཐང་བྱ་སྤྱོད”ཀྱི་རུས་ཚིགས་སྤྱི་ཕན་རྣམ་གྲངས་ནི་གོང་གསལ་གྱི་གནས་ཚུལ་འདི་རིགས་ལ་དམིགས་པའི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ཅིག་རེད།
          ཀྲུང་གོ་དབང་སྐྱོན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱིས་སྤེལ་འགོ་བཙུགས་པའི་རྣམ་གྲངས་འདིའི་དམིགས་ཡུལ་ནི་ནུབ་རྒྱུད་ས་ཁུལ་གྱི་གྲུམ་བུ་ཚིགས་ཆེན་སོགས་རུས་ཚིགས་ཀྱི་ནད་གཞི་མང་པོ་ཞིག་ལས་ཐོན་པའི་དབུལ་པོ་དང་དབང་སྐྱོན་མི་ཚོགས་ལ་དམིགས་ཏེ་སྤྱི་ཕན་བྱ་ཐབས་བརྒྱུད་གྲལ་བཤེར་དང་གཤགས་བཅོས་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ནད་པ་དྲག་སྐྱེད་བྱུང་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཐུབ་རྒྱུར་རོགས་རམ་བྱེད་པ་ཞིག་རེད། རྣམ་གྲངས་དེ་ནི་2016ལོ་ནས་སྤེལ་འགོ་ཚུགས་ཤིང་། ད་བར་ནད་པ་1200ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་དང་། ནད་གཞི་ལྕི་བ་དང་གཤགས་བཅོས་རྙོག་དྲ་ཆེ་བའི་ནད་པ་དབུལ་པོ་20ལྷག་ཙམ་རིན་མེད་ངང་པེ་ཅིང་དུ་ཁྲིད་དེ་གཤགས་བཅོས་བྱས་ཡོད།
         རྣམ་གྲངས་ཀྱི་ཚད་གཞི་ནན་དུ་གཏོང་ཆེད། ཀྲུང་གོ་དབང་སྐྱོན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱིས་རྣམ་གྲངས་ལག་ལེན་བསྟར་བར་གོ་རིམ་ཚགས་ཚུད་པོ་དང་ཆ་ཚང་ཞིག་ཇུས་འགོད་བྱས་ཤིང་། མི་ཚོགས་གྲལ་བཤེར་བྱེད་པ་ནས་གཤགས་བཅོས་བྱ་ཡུལ་ལ་དཔྱད་དཔོག་བྱེད་པའི་བར་དང་། རོགས་སྐྱོར་ཐོབ་ཡུལ་གྱི་རང་སོའི་ཁྱད་ཆོས་ལྡན་པའི་བརྟག་དཔྱད་བྱེད་པ་ནས་གཤགས་བཅོས་བྱེད་པ་དང་དེ་རྗེས་ཀྱི་དྲག་སྐྱེད་བར། མ་དངུལ་ལྟ་འདོམས་ནས་རྣམ་གྲངས་ཀྱི་རྩིས་བཤེར་བར་བཅས་ཚང་མ་ཡོངས་བསྒྲགས་དང་། ཐོ་གསལ་པོ་ཡོད་པ། བཤེར་ཆོག་པ་བཅས་ནན་པོ་བྱས་ཡོད།
         ཡུལ་ཤུལ་གྲོང་ཁྱེར་ནས་སྤྱི་ལེ་200ཙམ་ཆོད་ཅིང་ས་བབ་མཐོ་ཚད་སྨི་4300ཙམ་ཟིན་པའི་རྫ་སྟོད་རྫོང་དུ་གསར་འགོད་པས་རྣམ་གྲངས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་ནད་པའི་ཁྱིམ་ལ་བཅར་འདྲིར་བསྐྱོད་ཅིང་། རྣམ་གྲངས་ཚོགས་ཆུང་གིས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང་གནས་ཚུལ་ལ་བལྟས་པ་མ་ཟད་ཁོང་ཚོར་བརྟག་དཔྱད་རགས་ཙམ་ཡང་བྱས།
         “དགེ་སྒྲུབ་དབུལ་སྐྱོར་བདེ་ཐང་བྱ་སྤྱོད”ཀྱི་རུས་ཚིགས་སྤྱི་ཕན་རྣམ་གྲངས་ཀྱི་འགན་འཁུར་བས་འཚོ་བའི་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་ཀྱི་ཤུགས་རྐྱེན་ཐེབས་ནས་རྫ་སྟོད་རྫོང་དུ་རུས་ཚིགས་ཀྱི་ནད་གཞི་ཐོན་མང་ཙམ་འདུག 2016ལོར་རྫ་སྟོད་རྫོང་གི་རྫོང་དཔོན་བསོད་དཔལ་གྱིས་རྣམ་གྲངས་དེ་ཤེས་རྟོགས་བྱུང་རྗེས་ཆེད་མངགས་དཔྱད་གཞིའི་ཡིག་ཆ་འཁྱེར་ནས་པེ་ཅིང་དུ་བསྐྱོད་དེ་རྣམ་གྲངས་དེས་རྫ་སྟོད་རྫོང་གི་ནད་པ་ཚོར་ཕན་ཐོགས་རྒྱུའི་རེ་བ་བྱས། ཞིབ་བཤེར་དང་དཔྱད་དཔོག་ནན་པོ་བྱས་རྗེས་རྣམ་གྲངས་ཚོགས་པས་རྫོང་དེ་ནས་རོགས་སྐྱོབ་བྱ་ཡུལ་32གྲལ་བཤེར་རཌ་ཙམ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
         ལོ་48ལ་སླེབས་པའི་ཆོས་དབྱིངས་ནི་ཁོང་ཚོའི་གྲས་ཤིག་ཡིན་ཞིང་། ཁོང་གི་པུས་མོ་གཉིས་ཀར་རུས་ཚིགས་གཉན་ཚད་ཡོད་པས་དུས་ཡུན་རིང་པོ་འགྲོ་སྐྱོད་མི་ཐུབ་པ་དང་། གཟུགས་པོའི་སྟོད་ལ་ཆུ་བསགས་ཏེ་ནད་རིགས་གཞན་ཡང་ཐོན་ཡོད། སྐད་ཆ་འདྲི་བ་དང་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཁོང་ལ་སྨན་བཅོས་ཀྱི་ཞིབ་ཕྲའི་ཇུས་གཞི་བཟོས་པ་དང་། ཡུལ་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པར་དམིགས་ཏེ་ཁོང་པེ་ཅིང་དུ་ཁྲིད་ནས་གཤགས་བཅོས་བྱ་རྒྱུའི་གཏན་འཁེལ་རགས་ཙམ་བྱས།
         རང་ཉིད་པེ་ཅིང་དུ་རིན་མེད་ངང་གཤགས་བཅོས་བྱེད་པར་འགྲོ་རྒྱུ་ཡིན་པ་མ་ཟད་ཕྱིས་སུ་ད་དུང་འགྲོ་སྐྱོད་ཐུབ་རེ་ཡོད་པའི་སྐོར་ཐོས་རྗེས་ཆོས་དབྱིངས་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་མགོ་བོ་ལྕོག་ལྕོག་ཡང་ཡང་བྱས།
         རྣམ་གྲངས་དེའི་འགན་འཁུར་བས་ད་ཐེངས་རྫ་སྟོད་རྫོང་དུ་རོགས་སྐྱོབ་བྱ་ཡུལ་ཁྱིམ་དུ་ལྟ་ཞིབ་དང་དཔྱད་དཔོག་བྱས་རྗེས་ཉེ་དུས་ཁག་དབྱེ་ནས་རོགས་སྐྱོབ་བྱ་ཡུལ་ལ་གཟུགས་པོ་བརྟག་དཔྱད་བྱས་ཏེ་ཆ་རྐྱེན་ཚང་བའི་ནད་པར་གང་མགྱོགས་གཤགས་བཅོས་བྱ་རྒྱུ་རེད་ཅེས་གསར་འགོད་པར་བཤད།
         ལོ་གཉིས་ལྷག་ཙམ་རིང་རོགས་སྐྱོབ་བྱ་ཡུལ་ལ་རུས་ཚིགས་ཚབ་བརྗེའི་གཤགས་བཅོས་བྱས་པ་དང་ཆབས་ཅིག་རུས་ཚིགས་སྤྱི་ཕན་རྣམ་གྲངས་ཀྱིས་རུས་ཚིགས་ཀྱི་གསོ་རིག་གསོ་སྦྱོང་སྒྲིག་འཛུགས་ཐེངས་མང་བྱས་པའི་ཁྲོད་གྲགས་ཅན་རིགས་གཅིག་མཁས་ཅན་80ལྷག་ཙམ་གྱིས་སློབ་ཁྲིད་བྱས་པ་དང་ཞིང་ཆེན་ཁག་ཏུ་རུས་ནད་ཚན་ཁག་གི་སྨན་པ་3000ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།
         “གསོ་སྦྱོང་ནང་ཞུགས་མཁན་ཚང་མ་ཡུལ་དེ་གའི་མི་རིགས་ཁག་གི་སྨན་དོན་མི་སྣ་ཡིན། གསོ་སྦྱོང་དང་སྤེལ་རེས་བྱེད་རིང་ཕྱོགས་གཅིག་ནས་ཁོང་ཚོའི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཕྱོགས་གཞན་ཞིག་ནས་མི་རིགས་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ནས་ཡུལ་དེར‘ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག’གཅིག་གསོ་སྐྱོང་བྱས་ཡོད”ཅེས་ཆུས་ཐེ་པིང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།