འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་མཐོ་སློབ་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 16:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི2018ལོའི་མཐོ་སློབ་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར010-66097980དང010-66096590ཡིན་ཞིང་། ཟླ7པའི་ཚེས23ཉིན་ནས་ཟླ9པའི་ཚེས12ཉིན་བར་གྱི་ཉིན་རེའི་ཆུ་ཚོད8:00-20:00བར་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། འདི་ནི་སློབ་གསོ་པུས་ལོ་ངོ14རིང་བསྟུད་མར་མཐོ་སློབ་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར་རེད།
            “ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མ་གཅིག་ཀྱང་སློབ་ཞུགས་གོ་སྐབས་ཤོར་བའི་གནས་ཚུལ་བྱུང་མི་ཆོག”པ་ནི་ཏང་དང་སྲིད་གཞུང་གི་ཁས་ལེན་དམ་བཅའ་ཡིན། དམ་བཅའ་འདི་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་ཀྱིས་སློབ་གསོའི་དུས་མཚམས་ཁག་དང་། རིགས་མི་འདྲ་བའི་སློབ་གྲྭ་ཁག ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་བཙུགས་ཡོད་ཅིང་། མཐོ་རིམ་སློབ་གསོའི་དུས་མཚམས་སུ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན། སློབ་མ་གསར་པའི་སློབ་ཞུགས་རོགས་དངུལ། ལས་བརྩོན་སློབ་རོགས། སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བ། གསབ་འཇལ་དང་ཚབ་འཇལ། “ཐོགས་མེད་བགྲོད་ལམ”སོགས་རོགས་སྐྱོར་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་མཐོ་རིམ་སློབ་གྲྭའི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མར“སེམས་ཁྲལ་མེད་པ་གསུམ”འགན་ལེན་བྱེད་ཡོད། དེ་གསུམ་ནི་སློབ་གྲྭར་མ་ཞུགས་གོང་སེམས་ཁྲལ་བྱེད་དགོས་མེད་པ། སློབ་གྲྭར་ཞུགས་སྐབས་སེམས་ཁྲལ་བྱེད་དགོས་མེད་པ། སློབ་གྲྭར་ཞུགས་རྗེས་སེམས་ཁྲལ་བྱེད་དགོས་མེད་པ་བཅས་རེད།
           རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམ་པས་དུས་ཐོག་ཏུ་ཡང་དག་པའི་ངང་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་བྱ་བ་དང་། བབ་མཚུངས་ཀྱི་རོགས་སྐྱོར་ཐོབ་རྒྱུའི་རེ་འདུན་ཞུ་ཐུབ་ཆེད། སློབ་གསོ་པུའུ་ཡིས2005ལོ་ནས་བཟུང་། ལོ་ལྟར་དབྱར་གསེང་དུ་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མའི་དོགས་གཞི་དང་དཀའ་ངལ་སྐོར་སེལ་གྱིན་ཡོད།
           སློབ་གསོ་པུའུ་ཡིས་ཐད་སྦྲེལ་ཁ་པར་ཤར་གཏོང་བྱེད་པའི་རིང་། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར)དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་ཁོངས་གཏོགས་ཀྱི་མཐོ་སློབ་ཁག་དང་ས་གནས་མཐོ་སློབ་ཁ་ཤས་ཀྱིས་ཀྱང་དུས་མཚུངས་སུ་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ། སློབ་མའི་དོགས་འདྲི་དང་རོགས་སྐྱོར་དང་ལེན་བྱེད་དེ་ཁོ་ཚོའི་དཀའ་ངལ་ཏན་རིག་ངང་སེལ་རོགས་བྱེད་བཞིན་ཡོད། གལ་ཏེ་གནད་དོན་ཡོད་ཚེ། སྔོན་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭའི་ཐད་སྦྲེལ་ཁ་པར་གཏོང་ཆོག་པ་དང་། དེས་ཀྱང་ནུས་ལྡན་སྒོས་ཐག་གཅོད་མ་ཐུབ་ཚེ། འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སློབ་གསོ་པུའུ་ཡི་ཐད་སྦྲེལ་ཁ་པར་གཏོང་ཆོག །རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་རོགས་དངུལ་བུན་ལ་གལ་ཏེ་དོགས་གཞི་ཡོད་ཚེ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཐད་སྦྲེལ་ཁ་པར95593ལམ་ནས་བློ་འདྲི་ཆོག་པ་རེད།
          སློབ་གསོ་པུའུ་ཡི་མཐོ་སློབ་སློབ་མའི་རོགས་སྐྱོར་ཐད་སྦྲེལ་ཁ་པར་སྒོ་བརྒྱབ་ཟིན་རྗེས། སློབ་མ་ཚོས་སྔར་མུས་བཞིན་སློབ་གྲྭའི་རོགས་དངུལ་གྱི་སྡེ་ཚན་བརྒྱུད་དེ་སྲིད་ཇུས་སྐོར་ནས་དོགས་འདྲི་དང་གནད་དོན་སྐོར་ཞུས་ཆོག་ལ། སློབ་གསོ་པུའུ་ཡི་གཅིག་གྱུར་ལྟ་སྐུལ་ཐེར་འདོན་ཁ་པར010-66092315དང010-66093315ལ་བཏང་ཀྱང་ཆོག །མཐོ་སློབ་སུ་ཞུགས་པའི་སློབ་མ་དང་ཁྱིམ་བདག་གིས་ད་དུང་རྒྱལ་ཡོངས་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་རྒྱ་http://www.xszz.cee.edu.cn/དང་ཀྲུང་གོའི་སློབ་མའི་རོགས་སྐྱོར་སྐད་འཕྲིན་སྤྱི་སྟེགས(སྐད་འཕྲིན་ཨང jybzzzx)བརྒྱུད་ནས་རྒྱལ་ཁབ་ཀྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་དང་དེ་འབྲེལ་གྱི་གཏན་འབེབས། འབྲེལ་ཡོད་ཀྱི་གནད་དོན་སྐོར་བཙལ་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།