འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་པས་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་བཅོས་སྟོང་ཆ་གསབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན། ཀྲུང་གོའི་སྨན་པས་ལུའོ་ཧྲན་ཅིར་གྲོལ་བའི་རྒྱལ་སྤྱིའི་སྒལ་རུས་ཀྱི་ལག་རྩལ་གསར་པའི་ཚོགས་འདུའི་ཐོག་སྤེལ་བའི་སྙན་སྒྲོན་ནང་མིག་སྔར་རྒྱལ་སྤྱིའི་ཐོག་བཅོས་དཀའ་བའི་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་བཅོས་ཐད་ང་ཚོས་བློས་གཏོང་ཆེན་པོ་བྱེད་མི་དགོས་པར་ནད་དེ་བཅོས་པའི་ཐད་ཕན་འབྲས་ཡག་པོ་ཐོན་སྟེ་འབྲེལ་ཡོད་ཀྱི་ཞིབ་འཇུག་སྟོང་ཆ་གསབ་ཡོད་ཅེས་བཤད།
            རྒྱལ་སྤྱིའི་སྒལ་རུས་འབུར་ཐོན་ཞིབ་འཇུག་སློབ་ཚོགས་ཀྱིས་གཉེར་བའི་རྒྱལ་སྤྱིའི་སྒལ་རུས་ལག་རྩལ་གསར་པའི་ཚོགས་འདུ་སྐབས་25པ་ཚེས་11ནས་ཚེས་14ཉིན་བར་ལུའོ་ཧྲན་ཅིར་འཚོགས་ཤིང་། པེ་ཅིང་ཤེ་ཧོ་སྨན་ཁང་གི་རུས་ནད་ཚན་ཁག་གི་སྒལ་རུས་ཕྱི་བཅོས་ཚན་ཁག་ཚོགས་པས་མིག་སྔར་རྒྱལ་སྤྱིའི་ཐོག་བཅོས་དཀའ་བའི་མཇིང་བྲང་གི་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་དང་སྐེད་ཚིགས་ནད་རྐྱེན་གྱིས་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་སོགས་བཅོས་པའི་སྐོར་གྱི་སྙན་སྒྲོན་རབ་དང་རིམ་པ་བྱས་པ་དང་འབྲེལ་ཁོང་ཚོར་ནད་དེ་བཅོས་པའི་ཐད་ཐོབ་པའི་གྲུབ་འབྲས་གསར་པ་ངོ་སྤྲོད་ཀྱང་བྱས་པ་རེད།
            ཆུང་དུས་ནས་སྒལ་རུས་འབུར་བའི་ནད་ཞེས་པ་དེ་ལོ་བཅུའི་ཕྲུ་གུར་ཕོག་པའི་སྒལ་རུས་འབུར་བའི་ནད་ལ་བརྗོད་ཅིང་། ནད་དེ་བཅོས་རྒྱུ་ནི་སྨན་པ་ཚོའི་ངོས་ནས་བརྗོད་ན་དཀའ་ཚེགས་ཆེ་བའི་གནད་དོན་ཞིག་རེད། ལྷན་སྐྱེས་སྒལ་རུས་འབུར་བའི་ནད་དེ་ནི་རྒྱུན་མཐོང་གི་ཆུང་དུས་ནས་སྒལ་རུས་འབུར་བའི་ནད་ཞིག་ཡིན་པ་དང་ནད་དེ་ཕོག་པའི་ཕྲུ་གུ་གཟུགས་པོ་ལོན་པ་དང་བསྟུན་ནས་ཚབས་ལྕི་རུ་འགྲོ་གི་ཡོད།
            ཤེ་ཧོ་སྨན་ཁང་གི་རུས་ནད་ཚན་ཁག་གི་སྒལ་རུས་ཕྱི་བཅོས་ཚན་ཁག་ཚོགས་པའི་འཐུས་མི་ཀྲོང་ཆན་ཡུས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“སྔ་ཙམ་ནས་སྨན་བཅོས་བྱས་ཏེ་བློས་གཏོང་ཆེན་པོ་བྱེད་མི་དགོས་པར་ནད་དེ་བཅོས་རྒྱུ་དེ་ནི་ང་ཚོས་འབད་འཐབ་བྱེད་པའི་ཁ་ཕྱོགས་རེད། ཞིབ་འཇུག་རབ་དང་རིམ་པ་བྱས་པ་བརྒྱུད་ནད་དེ་རིགས་བཅོས་པའི་ཐད་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ནས་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་བཅོས་པའི་ཞིབ་འཇུག་སྟོང་ཆ་གསབ་པ་དེས་ནད་དེ་བཅོས་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད།
            ཚོགས་འདུའི་ཐོག་ཀྲོང་ཆན་ཡུས་ཀྱིས་སྐེད་རུས་ནད་རྐྱེན་གྱིས་སླངས་པའི་ལྷན་སྐྱེས་སྒལ་རུས་འབུར་བའི་ནད་བཅོས་སྟངས་སྐོར་སྙན་ཞུ་བྱས་ཤིང་། ཞིབ་འཇུག་བྱས་པ་བརྒྱུད། སྨན་བཅོས་བྱེད་ཐབས་དེ་རིགས་ལ་གཤགས་བཅོས་ཀྱི་དུས་ཚོད་ཐུང་བ་དང་ཁྲག་དོན་ཉུང་བའི་ཁར། ནད་པའི་སྒལ་རུས་ལ་སྐྱོན་ཆག་ཆེན་པོ་མི་ཡོང་བ་དང་ཕྱིས་སུ་ནད་པ་དྲག་སྐྱེད་བྱུང་རྗེས་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།