འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་རང་རྒྱལ་དུ་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རིན་
    གོང་ལམ་སྲོལ་སྤྱིར་ན་ཆགས་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས་2ཉིན་ཕྱི་ཕྱོགས་སུ་《ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་རིན་གོང་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ཡོངས་བསྒྲགས་བྱས་ནས་རང་རྒྱལ་གྱིས་ཁྱབ་ཁོངས་དེའི་ཐད་ཀྱི་རིན་གོང་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ཡོད་པ་རེད།
         བསམ་འཆར་ལ་གཞིགས་ན། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རིན་གོང་ལམ་སྲོལ་དང་། རིན་གོང་གི་སྲིད་ཇུས་མ་ལག་སྤྱིར་ན་ཆགས་པ་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་སྣོད་བཅུད་ཁོར་ཡུག་གི་མ་གནས་ནང་རྐྱེན་སེལ་རྒྱུར་སྐུལ་མ་གཏོང་བའི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་2025ལོར་སླེབས་སྐབས་ལྗང་མདོག་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་རིན་གོང་གི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་ཁག་གི་ལྷུ་ཚིགས་ཚང་མར་དོན་འཁྱོལ་བྱ་རྒྱུ་རེད།
         བསམ་འཆར་ལ་གཞིགས་ན། བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་བསྡུ་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་བབ་བསྟུན་ལེགས་སྒྲིག་གི་ལམ་སྲོལ་དང་། ཁེ་ལས་ཀྱི་བཙོག་ཆུ་འབུད་གཏོང་མང་ཉུང་ལ་གཞིགས་པའི་གྲོན་དངུལ་བསྡུ་བའི་ལམ་སྲོལ། བཙོག་ཆུ་གཙང་སེལ་གྱི་ཚད་གཞི་དང་མཐུན་པའི་གྲོན་དངུལ་བསྡུ་བའི་ལམ་སྲོལ་བཅས་འཛུགས་རྒྱུ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་གྱི་ཞབས་ཞུའི་གྲོན་དངུལ་ཁྲོམ་ར་ཅན་གྱི་ལམ་སྲོལ་ཆགས་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་དེ་ཞབས་ཞུའི་གྲོན་དངུལ་ལ་སྤྱིར་ན་རིམ་པས་ཁྱབ་པ་བྱས་ཏེ་བཙོག་ཆུ་གཙང་སེལ་ཐད་ཞིང་དུད་ཀྱིས་གྲོན་དངུལ་སྤྲོད་པའི་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱ་རྒྱུ་རེད།
         ཆུ་གྲོན་ཆུང་ངང་སྤྱོད་རྒྱུར་ཕན་པའི་རིན་གོང་གི་ལམ་སྲོལ་འཛུགས་རྒྱུའི་ཐད་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་རིན་གོང་གི་ལམ་སྲོལ་ཆགས་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མིན་པའི་ཆུ་སྤྱོད་ཚད་ཚད་གཞི་ལས་བརྒལ་བར་རིན་གོང་སྤོར་བའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། བསྐྱར་སྐྱེས་ཀྱི་ཆུ་བེད་སྤྱོད་རྒྱུར་ཕན་ཐོགས་ཡོད་པའི་རིན་གོང་གི་སྲིད་ཇུས་བཟོས་ཏེ་ཆུ་མཁོ་སྤྲོད་ལས་གྲྭ་དང་སྒྲིག་ཆས་འཁོར་རྒྱུག་བཟང་པོ་ཡོང་བའི་འགན་ལེན་བྱས་ནས་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་། ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
         ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གློག་རིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་ཧེ་བག་ཡོད་པའི་གློག་རིན་གྱི་སྲིད་ཇུས་དང་། གློག་སྤྱོད་ཚད་མང་ཤོས་དང་ཉུང་ཤོས་སྐབས་ཀྱི་གློག་རིན་གྱི་ལམ་སྲོལ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་ལས་རིགས་ཁག་གཅིག་ལ་གློག་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གློག་རིན་གྱི་ཚད་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཐད་ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། སྒྲིག་ཆས་རྗེས་ལུས་མེད་པ་བཟོ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།