འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱེ་འགོག་བྱེ་བཅོས་ཀྱི་རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པའི"ལྗང་མདོག"
    བྱེ་ཐང་འཚོལ་ཞིབ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྣོད་བཅུད་ཐོན་ཁུངས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར། ཚན་པ་དེས་ཞིབ་བཟོ་བྱས་པའི་བྱེ་འཇགས་དྲ་བ་དང་བྱེ་འཇགས་ལག་རྩལ་གསར་པ་མིག་སྔར་ཀན་སུའུ་དང་ཉིང་ཞ་སོགས་ས་གནས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ཁྲོད་སྤྱད་པས་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།
             ཀན་སུའུ་ཏུན་ཧོང་ནི་འཛམ་གླིང་རིག་གནས་ཤུལ་བཞག་མོ་ཀའོ་བྲག་ཕུག་གནས་ཡུལ་རེད་ལ། ནུབ་བྱང་གི་བྱེ་རྡུལ་མང་བའི་ཁུལ་གྱི་གྲས་ཤིག་ཀྱང་རེད། གསར་འགོད་པ་ཏུན་ཧོང་གི“མ་ཡུམ་གཙང་པོ”སྟེ། ཏང་ཧོ་གཙང་པོའི་སྟོད་རྒྱུད་དུ་བསྐྱོད་སྐབས་བྱེ་འཇགས་དྲ་བ་འདི་དག“མིག་མངས་ཀྱི་རེའུ་མིག་ལྗང་ཁུ”རེ་རེ་དང་འདྲ་བར་བྱེ་མའི་སྟེང་དུ་ཆིལ་ལེར་ཁྱབ་ནས་བྱེ་ཕུང་གཏན་འཇགས་ཐུབ་སྟེ་ཏང་ཧོ་གཙང་པོའི་ཆུ་མཛོད་ཕྱོགས་སུ་འཁྱེར་བའི་བྱེ་རླུང་ཉུང་དུ་ཕྱིན་ནས་ཏུན་ཧོང་ཁུལ་དུ་བདེ་འཇགས་ངང་ཆུ་སྤྱོད་པར་འགན་ལེན་བྱེད་ཐུབ་ཡོད།
            ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏུན་ཧོང་མྱ་ངམ་ཐང་དང་ཐང་རྒོད་ཞིབ་འཇུག་ས་ཚིགས་ཀྱི་ཀྲན་ཀྲང་ཆུས་ཅན་ཅུན་གྱིས་སྲོལ་རྒྱུན་གྱི་བྱེ་འགོག་བྱེ་བཅོས་ཐད་སྤྱོད་པའི་རྩྭ་གྲུ་བཞི་དང་བསྡུར་ན་ཏང་ཧོ་གཙང་པོའི་སྟོད་རྒྱུད་དུ་སྤྱད་པའི་ལྗང་མདོག་གི་བྱེ་འཇགས་དྲ་བ་ནི་ཚགས་དམ་པའི་འདུས་ཁ་ཞཱི་རྒྱུ་ཆ་ལས་གྲུབ་པ་ཞིག་རེད། “རྒྱུ་ཆ་དེ་རིགས་ལ་ཁོར་ཡུག་སྲུང་སྐྱོང་བྱེད་ནུས་ཆེན་པོ་ལྡན་པ་དང་། ཨར་སྐྲུན་བྱེད་སྐབས་སྟབས་བདེ་བ། གོང་ཁེ་བ། སྤྱོད་ཡུན་རིང་བ། བྱེ་བཅོས་བྱེ་འཇགས་ཀྱི་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད”ད་དུང་བྱེ་འགོག་བྱེ་བཅོས་ཀྱི་རྒྱུ་ཆ་གསར་པ་དེ་རིགས་ཀྱིས་མཚོ་བོད་ལྕགས་ལམ་གྱི་བྱེ་རླུང་གི་གནོད་འཚེའི་དཀའ་གནད་བསལ་ཡོད་ཅེས་ངོ་སྤྲོད་བྱས།
           ས་རྒྱུའི་སྐྱེ་དངོས་སྤྲིས་ཆགས་ཀྱི་ལག་རྩལ་གསར་པ་ཞིག་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སུ་ཁྱབ་གདལ་བྱུང་ཡོད། “ང་ཚོས་ཆུ་སྐྱེས་རྩི་ཤིང་དང་སྔོ་དྲེག་ཁྲོད་ནས་སྤྲིས་ཆགས་ལ་འཚམས་ཤོས་ཀྱི་སྐྱེ་དངོས་ཕྲ་རབ་བླངས་ཏེ་ཚོད་ལྟ་ཁང་དུ་མི་ཐབས་ལ་བརྟེན་ནས་གསོ་ཉར་བྱས་རྗེས་ཚོད་ལྟ་དང་སྦྲགས་རྩྭ་གྲུ་བཞིའི་བྱེ་འཇགས་དྲ་བའི་ནང་གི་བྱེ་མའི་ཐོག་སྟོར་ནས་བྱེ་འཇགས་ཀྱི་དམིགས་ཡུལ་གྲུབ་པ་བྱས་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བྱེ་མའི་ཞིབ་འཇུག་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཤིང་རུང་གིས་གསར་འགོད་པར་བཤད།
           མྱ་ངམ་ཐང་དུ་གྱུར་བར“སའི་གོ་ལའི་སྐྲན་ནད”ཅེས་བརྗོད་ཀྱི་ཡོད། གྲངས་གཞི་ལས་མངོན་པར། རང་རྒྱལ་དུ་མྱ་ངམ་ཐང་གིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་27%བཟུང་ཡོད། བྱེ་མའི་གནོད་འཚེ་འགོག་བཅོས་བྱས་ནས་སྣོད་བཅུད་སླར་གསོ་བྱ་རྒྱུ་ནི་ཚན་ཞིབ་སྒྲིག་གཞིའི་འགན་འཁྲི་ཡིན་པ་མ་ཟད། ཁེ་ལས་སྔར་ལས་མང་བ་བྱེ་རླུང་འགོག་བཅོས་ཀྱི་དཔུང་ཁག་ནང་ཞུགས་བཞིན་ཡོད།
           ཧྲེན་ཀྲེན་གྲོང་ཁྱེར་སིལ་ཆུ་འདྲེན་གཏོང་ལག་རྩལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་དབྱང་ཆིང་ལི་ཡིས་སིལ་ཆུའི་མདོང་ལམ་ས་འོག་ཏུ་སྦས་རྗེས་ཆུ་ཁོད་སྙོམས་པོས་དལ་བུར་ཐོན་པ་དང་། ཆུ་འཛག་རྒྱུ་དང་རླངས་པར་འགྱུར་རྒྱུ་སྔོན་འགོག་བྱས་པས། ཆུ་ཚོད་24རྒྱུན་མཐུད་དེ་ས་འོག་ནས་ཆུ་རྩི་ཤིང་གི་རྩ་བར་གཏོང་ཐུབ་པས། བྱེ་མའི་ཐོག་ཆུ་གཏོང་སྐབས་སྤྱིར་བཏང་གི་ཞིང་ཐང་ནང་ཆུ་གཏོང་བ་དང་འདྲ་བར་སྟབས་བདེ་ལ་ནུས་པ་ཆེ་བ་ཞིག་ཡོད། ཆུ་གཏོང་ལག་རྩལ་གྱི་འདེགས་སྐྱོར་འོག་དེ་སྔ་སྔོ་ཁེབས་མཐོང་རྒྱུ་མེད་པར་གྱུར་བའི་མྱ་ངམ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ནས་བྱེ་མའི་རྩི་ཤིང་མང་པོ་ཞིག་སྐྱེས་པ་མ་ཟད། ད་དུང་བྱེ་ཐང་གི་འབུ་སྲིན་དང་རི་བོང་སོགས་ཀྱི་སྲོག་ཆགས་ཀྱང་མཐོང་རྒྱུ་ཡོད་ཅེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།