འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་21འཁོར་བར་རྟེན་འབྲེལ་ཞུས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་གྱི་སྔ་དྲོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་བཞེས་རག་སྟོན་ཚོགས་འཚོགས་ནས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་21འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         སྔ་དྲོའི་ཆུ་ཚོད་8པར་རྒྱལ་དར་སྒྲེང་བའི་མཛད་སྒོ་གསེར་མདོག་ཙེ་ཅིན་ཐང་ཆེན་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་ལེང་ཀྲེན་དབྱིང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་གོ་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཀྲི་མིན་བཅས་དང་དེ་བཞིན་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་ལས་ཁུངས་ཀྱི་འཐུས་མི་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་དཔོན་རིགས། ཤང་ཀང་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ། སྤྱི་ཚོགས་ལས་རིགས་ཁག་གི་གྲགས་ཅན་མི་སྣ། ལས་གོས་ཚོགས་པའི་འཐུས་མི་དང་གྲོང་མི་སོགས་མི་2400ཙམ་ས་གནས་ས་ཐོག་ཏུ་མཛད་གཟིགས་ནང་ཞུགས་པ་རེད།
         ལིན་ཀྲེང་གཡོད་ཨེས་བཞེས་རག་སྟོན་ཚོགས་ཐོག་ཤིས་ཚིག་གསུང་སྐབས་འདས་ཟིན་པའི་ལོ་གཅིག་ནང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས“རྒྱལ་ཁབ་གཅིག”གི་རྩ་བ་མཐའ་འཁྱོངས་བྱས་པ་དང་། ཡིན་མིན་ཆེན་པོའི་གནད་དོན་ཐད་རྣམ་འགྱུར་ཟར་ཟིར་གཏན་ནས་མི་བྱེད་པ། རྒྱལ་ཁབ་ཀྱི་མཐའ་ཚད་ལ་ཐུག་པའི་བྱེད་སྤྱོད་ལ་བཟོད་བསྲན་གཏན་ནས་མི་བྱེད་པ། ཀྲུང་དབྱང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལས་རིགས་ཁག་གིས་རྩ་ཁྲིམས་དང་། གཞི་རྩའི་བཅའ་ཁྲིམས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་བཅས་དང་དུས་མཚུངས“ལམ་ལུགས་གཉིས”ཀྱི་ཁེ་ཕན་བཀོལ་སྤྱོད་མཁས་པོ་བྱས་ཏེ་ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་འོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཀོང་ཏུང་དང་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་ཡོད་ཅེས་གསུངས་པ་རེད།
         ལིན་ཀྲེང་གཡོད་ཨེས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ལོ་གཅིག་རིང་དམངས་འཚོ་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱས་པ་དང་སློབ་གསོ་དང་། སྨན་བཅོས། རྒན་རྒོན་འཚོ་སྐྱོང་། བྱིས་པར་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ལས་དོན་རྒྱུན་སྲིང་ངང་སྤེལ་བ་དང་འབྲེལ་གསར་དུ་བཏོན་པའི་ཁང་པའི་སྲིད་ཇུས་བྱེད་ཐབས་བརྒྱུད་ཁང་པའི་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་དང་གསར་གཏོད་ཀྱི་བསམ་ཕྱོགས་མངོན་པར་བྱས་ཡོད། གཞན་ཡང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཞིབ་ཕྲའི་སྲིད་ཇུས་བྱེད་ཐབས་བཏོན་ནས་གཞོན་ནུར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ངོས་འཛིན་དེ་བས་གཏིང་ཟབ་ཏུ་གཏོང་བའི་ནང་སའི་དངོས་སྦྱོང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་དོན་ནང་ཞུགས་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
         ལིན་ཀྲེང་གཡོད་ཨེས་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ལས་རིགས་ཁག་གི་ཕན་ཚུན་བསམ་ཤེས་དང་ཁོག་ཡངས་དང་ཐུན་མོང་གི་འབད་བརྩོན་འོག་འགོ་ཡག་པོ་ཞིག་བཙུགས་ཡོད། རྣམ་པ་བཟང་པོ་དེ་མུ་མཐུད་འཕེལ་རྒྱས་གཏོང་བར་ལས་རིགས་ཁག་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཕྱོགས་ཡོངས་ནས་ལག་བསྟར་འཕྱུགས་མེད་བྱེད་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོ་ངེས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་སྐྱོང་དང་ཐུན་མོང་མ་ཡིན་པའི་ལེགས་ཆའི་ཐད་ཡིད་ཆེས་བརྟན་པོ་འཆང་བ། གཞོན་ནུ་ལོ་ཆུང་དེ་དག་རྒྱལ་ཁབ་ཀྱི་འདུ་ཤེས་ཡོད་པ་དང་། ཤང་ཀང་ལ་བརྩེ་སེམས་འཆང་བ། འཛམ་གླིང་གི་མིག་རྒྱང་ལྡན་པ་བཅས་སུ་གསོ་སྐྱོང་བྱེད་པ་དང་འབྲེལ་སྤྱི་ཚོགས་ལ་སྤྲོ་སེམས་ཡོད་པ་དང་འགན་འཁྲི་འཁུར་ཕོད་པའི་མི་རབས་གསར་པར་འགྱུར་བ་བྱེད་པའི་ཐད་ངང་རྒྱུད་རིང་པོ་བཅས་བྱ་རྒྱུར་རག་ལུས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།