འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་སྒར་སའི་གཙང་སྦྲའི་བཟོ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5པའི་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་ཞོགས་པའི་དྲོ་འཇམ་ཉི་འོད་སྤྲིན་གྱི་གསེབ་ནས་ཚོན་མདོག་རྣམ་པར་བཀྲ་བའི་གུར་ལ་འཕྲོས་པ་དང་ཁོར་ཡུག་གཙང་སྦྲའི་བཟོ་པ་འགའ་ཞིག་གི་གཟུགས་བརྙན་ཡང་རྒྱང་རིང་གི་གངས་རིའི་འདབས་སུ་མངོན།
         བོད་རིགས་ཕོ་གཞོན་དོན་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་རེད། ལས་ཀ་ཆུ་ཚོད་ཁ་ཤས་བསྟུད་མར་བྱས་རྗེས་ཁོང་དང་ལས་རོགས་ཚོ་གུར་ཞིག་ཏུ་ངལ་གསོ་བར་ཕྱིན།
         “དེར་ལྷགས་པ་ཚ་བ་དང་། སྨུག་ཕྱིའི་འོད་ཤུགས་ཆེ་བ། སྐམ་ཤས་ཆེ་བ། དྲོད་ཚད་དམའ་བ། གསོ་རླུང་དཀོན་པ་བཅས་ཡོད་པས་ལས་ཀ་རྒྱུན་རིང་བྱས་ན་ལོ་མཉམ་ལས་རྒས་སླ”ཞེས་དོན་གྲུབ་ཀྱིས་ཤ་རོ་སྐྱེས་པའི་ལག་པ་འཕུར་བཞིན་དེ་ལྟར་བཤད།
         ལོ་གསུམ་གོང་། བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མོ་གླང་མའི་གཤམ་དུ་ཡོད་པའི་དིང་རི་རྫོང་བཀྲིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོར་ཁོར་ཡུག་གཙང་སྦྲའི་བཟོ་པ་བསྡུ་བར་བསྐྱོད། གྲོང་ཚོའི་སྨན་པ་དོན་གྲུབ་ཀྱིས་དེ་སྔའི་བློ་བདེ་བག་ཕེབས་ཀྱི་འཚོ་བ་བློས་གཏོང་བྱས་ནས་ས་བབ་སྨི་5200ཡན་གྱི་ས་ཁུལ་དུ“གད་སྙིགས་སྒྲུག་པར་ཕྱིན” འདི་ལོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སྣེ་ཁྲིད་དེ་ཇོ་མོ་གླང་མར་མཐོ་རིའི་ཁོར་ཡུག་སྲུང་སྐྱོང་རུ་ཆེན་བཙུགས་པས་དོན་གྲུབ་དེར་ཞུགས་པ་རེད།
         དོན་གྲུབ་དང་ལས་རོགས་གཉིས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ཀྱི་ས་བབ་སྨི་5200ཡི་སྒར་ས་ཆེ་མོ་ནས་ས་བབ་སྨི་6500ཡོད་པའི་མདུན་སྐྱོད་སྒར་ས་བར་གྱི་གཙང་སྦྲའི་ལས་འགན་འཁུར་གྱི་ཡོད། ཉིན་ལྟར་ཞོགས་པར་ཁོང་ཚོས་སྒར་ས་ཆེ་མོར་གད་སྙིགས་སྒྲུག་པར་འགྲོ་ཡི་ཡོད་པ་དང་ཉིན་2ནས་3རེའི་མཚམས་སུ་ཁོང་ཚོས་འགྱིག་རྫས་ཁུར་ཏེ་སྒར་ས་ཆེ་མོ་ནས་མདུན་སྐྱོད་སྒར་ས་བར་གད་སྙིགས་སྒྲུག་པར་འགྲོ་ཡི་ཡོད་པས་ལམ་བར་དུ་ཆུ་ཚོད་8འགོར་གྱི་ཡོད།
         དོན་གྲུབ་ཀྱིས་ཁོར་ཡུག་གཙང་སྦྲའི་བཟོ་པ་གཅིག་གིས་ཉིན་ལྟར་གད་སྙིགས་རྒྱ་མ་20ལྷག་ཙམ་སྒྲུག་གི་ཡོད། གད་སྙིགས་ལྕི་པོ་དེ་འདྲ་ཁུར་ནས་ས་བབ་མཐོ་བའི་ས་ཆར་གོམ་པ་རྒྱུན་རིང་པོ་བརྒྱབ་ཚེ། དངོས་གནས་དབུགས་གཏོང་ཁག་པོ་འདུག་ཅེས་བཤད།
          “ང་ཚོའི་ཕ་མེས་ཚང་མ་ཇོ་མོ་གླང་མའི་གཤམ་དུ་འཚོ་བ་བསྐྱལ་ནས་བསྡད་པ་རེད། ཇོ་མོ་གླང་མར་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་རེད”ཅེས་དོན་གྲུབ་ཀྱིས་བཤད།
          ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ན། གཙང་སྦྲའི་བཟོ་པ་ཚོའི་དཀའ་སྤྱད་བློས་གཏོང་ཁོ་ནར་མ་བརྟེན་པར་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། དེར་བརྟེན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་སྡོད་མཁན་རུ་ཁག་ཚང་མར་གད་གཞོང་གཉིས་རེ་སྤྲད་པ་རེད།
          སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཉིན་རེ་བཞིན་སྣང་ཆེན་བྱས་པ་དང་དེ་བཞིན་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་རུ་ཕྱིན་པས་རི་འཛེག་ལམ་རྒྱུད་དུ་གད་སྙིགས་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་ནི་དོན་གྲུབ་ཀྱི་ངོས་ནས་བརྗོད་ན་དགའ་འོས་པའི་བྱ་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།