འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་4པར་རང་རྒྱལ་གྱི་བཟོ་ལས་ཀྱི་ཁེ་སྤོགས་མགྱོགས་པོ་འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་བསྡོམས་སྒོར་དུང་ཕྱུར་21271.7བྱུང་ནས་དུས་མཚུངས་ལས་15%འཕར་ཡོད། དེའི་ཁྲོད་ཟླ་4པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་21.9%འཕར་བ་དང་འཕར་ཚད་ཟླ་3པ་ལས་བརྒྱ་ཆའི་གྲངས་18.8མགྱོགས་སུ་ཕྱིན་ཡོད་པ་རེད།
          “ཐོན་སྐྱེད་བྱེད་མགྱོགས་སུ་ཕྱིན་པ་དང་། རིན་གོང་བསྐྱར་འཕར་བྱུང་བ། གཞི་གྲངས་ཅུང་དམའ་བ་སོགས་ཀྱི་རྐྱེན་པས་ཁེ་སྤོགས་མངོན་གསལ་དོད་པོས་འཕར་མགྱོགས་སུ་ཕྱིན་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སི་བཟོ་ལས་ཕན་འབྲས་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་ཕིང་གིས་དེ་ལྟར་བཤད།
          ཧོ་ཕིང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཐོན་སྐྱེད་གནས་ཚུལ་ལ་བལྟས་ཚེ། ཟླ་4པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དངོས་སུ་7%འཕར་བ་དང་། འཕར་ཚད་ཟླ་3པ་ལས་བརྒྱ་ཆའི་གྲངས་1གིས་མགྱོགས་པ་ཡོད། རིན་གོང་ཐད་ནས་བལྟས་ཚེ། ཟླ་4པར་བཟོ་ལས་ཐོན་སྐྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་དུས་མཚུངས་ལས་3.4%འཕར་བ་དང་འཕར་ཚད་ཟླ་3པ་ལས་བརྒྱ་ཆའི་གྲངས་0.3བསྐྱར་འཕར་བྱུང་བ་དེ་ནི་ཟླ་5བསྟུད་མར་རིན་གོང་འཕར་ཚད་འགོར་དུ་ཕྱིན་རྗེས་བསྐྱར་དུ་འཕར་འགོ་ཚུགས་པ་ཞིག་ཡིན་པ་དང་། བཟོ་ལས་ཐོན་སྐྱེད་མཁན་གྱི་ཉོ་སྒྲུབ་ནང་འདྲེན་གྱི་རིན་གོང་དུས་མཚུངས་ལས་3.7%འཕར་ནས་འཕར་ཚད་ཟླ་3པ་དང་གཅིག་མཚུངས་ཡིན། གཅིག་བསྐྱར་འཕར་དང་གཅིག་གཅིག་མཚུངས་བྱུང་བ་དེས་ཁེ་ལས་ཀྱི་ཁེ་སྤོགས་བར་མཐོངས་ཡངས་སུ་ཕྱིན་ཡོད་པ་རེད།
          དུས་མཚུངས་ཀྱི་གཞི་གྲངས་ལ་བལྟས་ཚེ། ན་ནིང་ཟླ་4པར་རིན་གོང་འཕར་ཚད་ཆག་པ་དང་། ཐོན་སྐྱེད་བྲིན་ཚོང་འཕར་ཚད་འགོར་དུ་སོང་བ། མ་གནས་མཐོ་རུ་ཕྱིན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་14%འཕར་བ་དེ་ནི་ན་ནིང་ཟླ་བ་ཁག་ནས་འཕར་ཚད་དམའ་པོ་ཨང་གཉིས་པ་དེ་ཡིན་པ་རེད།
          གྲངས་གཞི་ལས་མངོན་པར། ངར་ལྕགས་དང་། རྫས་འགྱུར་བཟོ་ལས། རླངས་འཁོར་སོགས་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཟླ་4པར་མདོག་ནག་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་2.6འཕར་བ་དང་། རྫས་འགྱུར་མ་བཅོས་རྒྱུ་ཆ་དང་རྫས་འགྱུར་བཟོས་རྫས་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་46.2%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་12.5%འཕར་བ་མ་ཟད། རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས་དང་ལྕགས་མིན་གཏེར་རྫས་བཟོ་སྐྲུན་ལས་རིགས་སོགས་ཀྱི་ཁེ་སྤོགས་འཕར་ཚད་ཀྱང་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།