འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཧོ་ལན་དུ་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཧོ་ལན་སྲིད་གཞུང་གི་དཔོན་རིགས་དང་ལའེ་ཏུན་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་མཁན་དང་བཞུགས་མོལ་གནང་སྟེ། བོད་ཀྱི་འཕེལ་རྒྱས་དང་། བོད་དང་འབྲེལ་བ་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། བོད་རིག་པ་ཞིབ་འཇུག་གི་ད་ལྟའི་གནས་ཚུལ། དེ་བཞིན་འབྱུང་འགྱུར་གྱི་གནས་ཚུལ་བཅས་ཀྱི་སྐོར་ལ་དཔྱད་བསྡུར་གཏིང་ཟབ་གནང་བ་རེད།
          ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་སྤེལ་རེས་ཚོགས་པ་དེའི་ཚོགས་གཙོ་གནང་བ་དང་། ཁོངས་མིའི་གྲས་སུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད་པ་རེད།
          ཧོ་ལན་ཕྱི་འབྲེལ་པུའི་ཕྱོགས་མང་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་སི་དང་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེ་མོ་གླིང་ལས་ཁུངས་ཀྱི་དཔོན་རིགས་དང་བཞུགས་མོལ་གནང་སྐབས། ཀྲང་ཡུན་གྱིས་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སློབ་གསོ། སྨན་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
          བོད་དང་འབྲེལ་བ་ཡོད་པའི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཀྲང་ཡུན་གྱིས། འགྲོ་བ་མིའི་ཐོབ་ཐང་ལ་ཤེས་རྟོགས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་མཚམས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ཐད་ཀྲུང་གོའི་ངོས་ནས་བརྗོད་ན། འཕེལ་རྒྱས་གཏོང་རྒྱུ་ནི་འགྲོ་བ་མིའི་ཐོང་ཐང་ཆེ་ཤོས་དེ་རེད། ཀྲུང་གོའི་འཕེལ་རྒྱས་དེ་མྱུར་བགྲོད་འཁོར་ལམ་ཐོག་སླེབས་པ་དང་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚུད་པའི་ཕྱོགས་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གནས་ཚུལ་འགའ་ཞིག་ཐད་ཀྱི་མི་མཐུན་པ་དང་ཕྱོགས་གཉིས་པོས་ངེས་པར་དུ་ཕན་ཚུན་སློབ་སྦྱོང་དང་ལྷག་བསམ་རྣམ་དག་ངང་ལྟ་སྟངས་འཛིན་པའི་ཐོག་མའི་བསམ་བློར་དམིགས་ནས། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་ཕན་ཚུན་སོ་སོའི་ལྟ་བ་གཞི་འཛིན་སར་ཤེས་རྟོགས་བྱེད་པ་ལས་ཉེ་དགའ་ཕྱོགས་ལྷུང་དང་ཧམ་ཤེད་སྐྱོན་འཛུགས་བྱེད་མི་རུང་ཞེས་བཤད།
          ཧོ་ལན་གྱི་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེ་མོ་གླིང་ལས་ཁུངས་ཀྱི་སི་ཀྲང་གཞོན་པ་པེར་ཧོ་ཡིས་རིག་གནས་ཧེ་བག་སྐོར་གྱི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་ལྟ་ཚུལ་ལ་ངོས་འཛིན་གཅིག་མཐུན་གནང་བ་དང་། སྤེལ་རེས་བྱེད་སྒོ་ནི་ལྟ་བ་མཉམ་སྤྱོད་དང་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པའི་ཁས་ལེན་གནང་བ། རིམ་པ་དེ་བས་མང་བ་དང་ཐབས་ལམ་དེ་བས་མང་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་བྱེད་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
          སྤེལ་རེས་ཚོགས་པས་ཉིན་དེར་ད་དུང་ཧོ་ལན་གྱི་ལའེ་ཏུན་སློབ་ཆེན་ས་ཁུལ་ཞིབ་འཇུག་གླིང་གི་བོད་རིག་པའི་ཞིབ་འཇུག་ལས་ལ་གཞོལ་བཞིན་པའི་དགེ་སློབ་ཚོ་དང་བཞུགས་མོལ་གནང་སྟེ། ཀྲུང་གོ་དང་ཡོ་རོབ་དང་ཨ་མེ་རི་ཀ་གླིང་གི་བོད་རིག་པའི་ཞིབ་འཇུག་གི་ལས་རིགས་གཅིག་པའི་དབར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྤེལ་རེས་རྒྱ་ཆེར་གཏོང་རྒྱུ། དཔྱད་གཞིའི་ཡིག་རིགས་མཉམ་སྤྱོད་བྱེད་རྒྱུ་བཅས་ཀྱི་ཐད་ལ་ལྟ་ཚུལ་བརྗེ་རེས་བྱས་ནས་སྔར་བས་མཉམ་ལས་བྱེད་རྒྱུའི་འདོད་འདུན་མཚོན་པར་བྱས་པ་རེད།
          ཧོ་ལན་དུ་སྤེལ་རེས་འཚམས་འདྲི་མཇུག་འགྲིལ་རྗེས་སྤེལ་རེས་ཚོགས་པ་ད་དུང་ལ་ཐེ་ཝེ་ཡར་བསྐྱོད་དེ་འཚམས་འདྲི་དང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།