འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་དང་། ཁྲའོ་ཞན། ཧན་གོ་བཅས་ཕྱོགས་གསུམ་གྱིས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་
    ཐུག་འཕྲད་དེ་དུས་ཐོག་ཏུ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་བཅས་ཚང་མས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་ཐུག་འཕྲད་དེ་ཟླ་6ཚེས་12ཉིན་སིང་ཀ་ཕོར་དུ་བྱེདཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
          ཚེས་26ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཁོང་དང་ཅིན་ཀྲེང་ཨེན་དབར་གྱི་ཐུག་འཕྲད་དུས་ཐོག་ཏུ་བྱ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཅིང་། ཉིན་དེའི་དགོང་མོར་ཐེ་རོན་ཕུས་ཨ་རིའི་ཕོ་བྲང་དཀར་པོར་ཉེ་དུས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཀྱི་འབྲེལ་ཡོད་གྲ་སྒྲིག་ལས་ཀ“ཧ་ཅང་བདེ་བླག”བྱུང་ཡོད་པས། ཨ་རི་ཕྱོགས་ཀྱིས་ཐུག་འཕྲད་དེ་ཟླ་6ཚེས་12ཉིན་སིང་ཀ་ཕོར་དུ་བྱེད་ཐུབ་རྒྱུའི་རེ་བ་སྔར་བཞིན་བྱེད་བཞིན་ཡོད་པ་དེར“འགྱུར་ལྡོག་བྱུང་མེད”ཅེས་གསར་འགོད་པར་བཤད་པ་རེད།
          དེ་ཉིན་གྱི་དུས་ཚོད་སྔ་ཙམ་ཞིག་ལ་ཕོ་བྲང་དཀར་པོ་ནས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་གྲ་སྒྲིག་བྱེད་མཁན་ཕོ་བྲང་དཀར་པོའི་གདོང་སྐྱོད་ཚོགས་པས་སྔོན་བཀོད་འཆར་གཞི་བཞིན་སིང་ཀ་ཕོར་དུ་བསྐྱོད་རྒྱུའི་གསལ་བསྒྲགས་སྤེལ་ཡོད།
          ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་27ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་ཚེས་26ཉིན་པན་མོན་ཏན་གྱི་ཁྲའོ་ཞན་ཕྱོགས་ཀྱི་ས་ཆར་ཐུག་འཕྲད་བྱུང་བ་དང་། ཅིན་ཀྲེང་ཨེན་གྱིས་ཝུའུ་ཙའེ་དབྱིན་གྱིས་སྔོན་གཏན་འཁེལ་བའི་དུས་ཚོད་ཟླ་6ཚེས་12ཉིན་ལ་ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་པ་ཐུག་འཕྲད་ཡོང་བར་འབད་བརྩོན་དང་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་པའི་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཐད“འགྱུར་མེད་ཀྱི་དགོངས་ཚུལ”ཡང་བཏོན་གནང་ཡོད།
          གནས་ཚུལ་སྤེལ་བའི་ནང་། ཕྱོགས་གཉིས་པོས་གྲོས་མོལ་ནང་། 《པན་མོན་ཏན་གྱི་བསྒྲགས་གཏམ་》འཕྲལ་མར་ལག་བསྟར་དང་། ཁྲའོ་ཞན་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་བ། མིག་སྔའི་ལྷོ་བྱང་ཕྱོགས་གཉིས་དབར་འཕྲད་པའི་གནད་དོན། ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་བཅས་མངོན་འགྱུར་ཡོང་ཆེད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་འཁོད་ཡོད།
          ཚེས་27ཉིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཙུང་ཐུང་གི་ལས་ཤག་ཆིང་ཝ་ཐའེ་ནས་ཉིན་གཅིག་གོང་ཧན་གོ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་ཐུག་འཕྲད་བྱུང་བའི་འབྲས་བུ་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་ཕྱོགས་གཉིས་པོས་ཟླ་6ཚེས་12ཉིན་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་གྲུབ་འབྲས་ལྡན་པའི་ངང་ཐུག་འཕྲད་བྱ་ཐུབ་རྒྱུ་དང་འབྲེལ《པན་མོན་ཏན་གྱི་བསྒྲགས་གཏམ》འཕྲལ་མར་ལག་ལེན་བསྟར་རྒྱུ་སླར་ཡང་ཁ་གསལ་བཏོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
          ཝུན་ཙའེ་དབྱིན་གྱིས་ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོས་ཐད་ཀར་འབྲེལ་བ་བྱས་པ་བརྒྱུད་ཕན་ཚུན་དབར་གྱི་གོ་འཛོལ་སེལ་རྒྱུའི་དགོས་པ་ཡོད་པ་དང་། དངོས་སྒྲུབ་ངང་གྲོས་མོལ་བྱས་ནས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་ཐུག་འཕྲད་རིང་གི་གྲོས་གཞིར་སྔོན་ནས་དམིགས་པའི་གྲོས་མོལ་གང་ལེགས་ཡོང་བའི་དགོས་པ་ཡོད་ཅེས་གསུངས་པར་ཅིན་ཀྲེང་ཨེན་གྱིས་དོན་དེར་མོས་མཐུན་གནང་ཡོད་ཅེས་བརྗོད།
          ཝུའུ་ཙའེ་དབྱིན་གྱིས་ད་དུང་ཐུག་འཕྲད་ནང་ཅིན་ཀྲེང་ཨེན་གྱིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་རྦད་དེ་མེད་པ་བཟོ་རྒྱུའི་དགོངས་ཚུལ་སླར་ཡང་གསལ་ཁ་བཏོན་གནང་བ་མ་ཟད། ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་པས་ཐུག་འཕྲད་བྱས་པ་བརྒྱུད་དམག་འཁྲུག་དང་ཁ་གཏད་དུ་ལངས་པའི་ལོ་རྒྱུས་ར་སྤྲགས་གཏོང་བ་དང་། ཞི་བདེ་དང་དར་རྒྱས་ཆེད་མཉམ་ལས་བྱེད་འདོད་ཡོད་ཚུལ་གསུངས་པ་རེད།
           ཚེས་24ཉིན། ཐེ་རོན་ཕུས་ཅིན་ཀྲེང་ཨེན་ལ་ཡོངས་བསྒྲགས་ཀྱི་འཕྲིན་ཡིག་ཅིག་སྤྲིངས་པའི་ནང་། ཕྱོགས་གཉིས་པོས་ཐོག་མར་གཏན་འཁེལ་བྱས་པའི་ཟླ་6ཚེས་12ཉིན་སིང་ཀ་ཕོར་དུ་ཐུག་འཕྲད་བྱ་རྒྱུ་མཚམས་འཇོག་བྱ་ཚུལ་འཁོད་པ་ལ། ཚེས་25ཉིན་ཁྲའོ་ཞན་གྱིས་ཐེ་རོན་ཕུས་ཐག་བཅད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དང་ཐ་ན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བའི་འདོད་འདུན་དང་མི་འཚམ་མོད། འོན་ཀྱང་ཁྲའོ་ཞན་ཕྱོགས་ཀྱིས་དུས་ནམ་ཡང་རྣམ་པ་གང་རུང་གི་ཐོག་ནས་ཨ་རི་དང་མཉམ་དུ་བསྡད་དེ་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་ལན་བཏབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།