འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་འབྲོག་ཁུལ་དུ་འགན་བཅོལ་ལམ་ལུགས་གསར་པ་འཚོལ་ཞིབ་བྱས་ནས་འབྲོག་
    པའི་དགུན་དུས་ཀྱི་སེམས་ཁྲལ་སེལ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འབྲོག་པ་བཀྲ་ཤིས་ཚེ་རིང་གིས“འགན་བཅོལ་དངུལ་སྒོར་150དེ་སྒོར་6000ལ་གྱུར་འདུག འབྲི་གཡག་མ་ཤི་ཡང་། འགན་བཅོལ་ཀུང་སིས་སྐྱིན་གསབ་དངུལ་སྤྲོད་ཀྱི་འདུག བྱ་བ་བཟང་པོ་དེ་འདྲ་མཐོང་ཐེངས་དང་པོ་ཡིན”ཞེས་བཤད།
         ལོ་53ལ་སླེབས་པའི་བཀྲ་ཤིས་ཚེ་རིང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གཡུག་གཞུང་ཤང་དུར་དྭངས་གྲོང་ཚོར་སྡོད་ཀྱི་ཡོད། མགོ་ལོག་ཁུལ་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཡིན་སྟབས་དབྱར་རྩྭ་དགུན་འབུ་འཐུ་རྒྱུ་ནི་ས་གནས་དེའི་འབྲོག་པའི་འབབ་ཁུངས་གཙོ་བོའི་གྲས་ཤིག་ཡིན་མོད། འོན་ཀྱང་གཡུག་གཞུང་ཤང་ནི་དབྱར་རྩྭ་དགུན་འབུ་མེད་པའི“ནུབ་རྒྱུད་ཤང་གསུམ”གྱི་གྲས་ཤིག་རེད།
         དེས་ན། བཀྲ་ཤིས་ཚེ་རིང་གིས་འབྲོག་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་རྒྱུ་ལས་མི་འདས། འབྲི་གཡག་ནི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་དེ་ཡིན་པ་མ་ཚད། ས་གནས་དེའི་འགྲིམ་འགྲུལ་གྱི་ལག་ཆ་ཞིག་ཀྱང་རེད། ཡུལ་དེའི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4300ཡོད་པའི་ཁར་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། གནོད་འཚེ་ཡང་ཡང་ཐོན་པ། འབྲི་གཡག་བདེ་འཇགས་ངང་དགུན་སྒྲོལ་ཐུབ་མིན་དེ་བཀྲ་ཤིས་ཚེ་རིང་གི་སེམས་ཁྲལ་ཆེ་ཤོས་དེ་རེད།
         2017ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་འགན་བཅོལ་ལམ་ལུགས་གསར་གཏོད་བྱས་ཏེ་མཐོ་གྲང་འབྲོག་ཁུལ་མང་ཚོགས་ཀྱི་ནོར་ལུག་ཁྲི་4ཙམ“གངས་འབབ་མང་ཉུང་ལ་གཞིགས་ནས་འགན་བཅོལ་དངུལ་སྤྲོད་པའི”ནང་ཞུགས་སུ་བཅུག འགན་བཅོལ་ལམ་ལུགས་དེས་འགན་བཅོལ་དུས་བཅད་ནང་གངས་འབབ་ཚད་མང་ཉུང་ལ་གཞིགས་ནས། སྐྱིན་གསབ་སྤྲོད་རྒྱུ་དང་གལ་ཏེ་གངས་འབབ་ཚད་ཁ་ཆད་འགན་བཅོལ་ལས་མང་བ་ཡོད་ཚེ། འགན་བཅོལ་ཀུང་སིས་སྐྱིན་གསབ་སྤྲོད་ཀྱི་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཆ་མཚོན་ན། གནམ་གཤིས་ཀྱི་བསྡོམས་རྩིས་གཞིར་བཟུང་། མགོ་ལོག་ཁུལ་དུ་ལོ་50རིང་ཆ་སྙོམས་གངས་འབབ་ཚད་ཧའོ་སྨི་57ཟིན་གྱི་ཡོད། ཁ་ཆད་འགན་བཅོལ་ནང་བཀོད་པའི་གངས་འབབ་ཚད་དེ་ཧའོ་སྨི་35ཡིན། འགན་བཅོལ་གྱི་དུས་བཅད་ནང་གལ་ཏེ་གངས་འབབ་ཚད་ཧའོ་སྨི་35ལས་མང་བ་ཡོད་ཚེ། འགན་བཅོལ་ཀུང་སིས་སྐྱིན་གསབ་སྤྲོད་ཀྱི་ཡོད།
         བཀྲ་ཤིས་ཚེ་རིང་གིས་ཐེངས་ཤིག་མང་ཚོགས་ཀྱི་ཚོགས་ཆེན་ཐོག་ཤང་གི་ལས་བྱེད་པས་འགན་བཅོལ་ལམ་ལུགས་སྐོར་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་སྐབས། ཞིང་ལས་འགན་བཅོལ་ཉོ་མྱོང་མེད་ལ། གནམ་གཤིས་སྟོན་གྲངས་ཞེས་པ་གང་ལ་ཟེར་མིན་ཤེས་ཀྱི་མེད་ནའང་བཀྲ་ཤིས་ཚེ་རིང་འགན་བཅོལ་ནང་ཞུགས་རྒྱུའི་བསམ་བློ་འཁོར།
         བཀྲ་ཤིས་ཚེ་རིང་གིས“2008ལོར་མགོ་ལོག་ཁུལ་ལ་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་སྐབས། ངའི་འབྲི་གཡག་70ནང་ནས་30ཙམ་འཁྱག་ཤི་ཐེབས་ནས་གྱོང་གུན་ཆེན་པོ་ཕོག་བྱུང་། ང་སྨན་བཅོས་འགན་བཅོལ་ནང་ཞུགས་པས་སྨན་རིན་རྩིས་ཞུ་བྱེད་ཆོག་གི་འདུག ངས་ནོར་ལུག་ལའང་འགན་བཅོལ་ཉོས་ན་གྱོང་མེད”ཅེས་བཤད།
         “སྲིད་གཞུང་གིས་འགན་བཅོལ་ཁ་གསབ་95%བྱེད་པ་དང་འབྲོག་པས་5%སྤྲོད་དགོས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འགན་བཅོལ་དངུལ་ཆག་ཡང་གཏོང་བའི”རྩ་དོན་ལྟར་ན། བཀྲ་ཤིས་ཚེ་རིང་ཁྱིམ་གྱི་འབྲི་གཡག་50ལ་ཁྱོན་འགན་བཅོལ་དངུལ་སྒོར་150ལས་སྤྲོད་དགོས་ཀྱི་མེད།
         མགོ་ལོག་ཁུལ་རྨ་ཆེན་རྫོང་གཡུག་གཞུང་ཤང་དུར་དྭངས་གྲོང་ཚོ་དང་། རྟ་བོ་ཤང་། དྭངས་ལག་ཤང་བཅས་ཀྱིས་ཁྱོན་འབྲི་གཡག་མགོ་གྲངས་33092དང་ལུག་མགོ་གྲངས་4605ལ་འགན་བཅོལ་ཉོས་པའི་དངུལ་འབོར་སྒོར་ཁྲི་6756.55ཟིན་ཡོད།
         2018ལོའི་ཟླ་ལྔ་པར། གནམ་གཤིས་ས་ཚིགས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། འགན་བཅོལ་དུས་བཅད་ནང་ཤང་གསུམ་ལ་རིམ་རྩིས་བྱས་ན་ཆ་སྙོམས་གངས་འབབ་ཚད་ཧའོ་སྨི་99.8ཟིན་པ་དེ་སྐྱིན་གསབ་སྤྲོད་རྒྱུའི་ཚད་ལས་ཧའོ་སྨི་35ལས་བརྒལ་ཡོད།
        བཀྲ་ཤིས་ཚེ་རིང་ཁྱིམ་གྱི་འབྲི་གཡག་ལ་འགན་བཅོལ་སྐྱིན་གསབ་སྒོར་6376རག་ཅིང་། “སྐྱིན་གསབ་དངུལ་གྱིས་གཟན་རྩྭ་ཉོ་ཆོག་ལ། ལྷས་ར་ཡང་ཉམས་གསོ་བྱེད་ཆོག་པས། དགུན་དུས་སེམས་ཁྲལ་མེད། དངུལ་ལྷག་མ་རྣམས་འཚོ་བའི་ཐད་གཏོང་རྩིས་ཡོད”ཅེས་བཤད་བྱུང།
         བཀྲ་ཤིས་ཚེ་རིང་དང་འདྲ་བའི་འགན་བཅོལ་ཉོ་མཁན་འབྲོག་པ་མང་ཚོགས་ཚོར་དེའི་ཁྲོད་ནས་ཕན་པ་ཐོབ་ཅིང་། ཤང་གསུམ་ལ་སྤྲད་པའི་སྐྱིན་གསབ་དངུལ་བསྡོམས་སྒོར་ཁྲི་430ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་སྐྱིན་གསབ་དངུལ་སྒོར་3710རག་ཡོད།
         ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་ཞིང་ལས་འགན་བཅོལ་ཐག་རིང་གྲོང་གསེབ་དང་འབྲོག་ཁུལ་དུ་དར་སྤེལ་བཏང་ནས་རང་བྱུང་གནོད་འཚེའི་ནང་ཕོག་པའི་ཞིང་འབྲོག་མང་ཚོགས་ཀྱི་གྱོང་གུན་ཆུང་དུ་བཏང་བ་དང་འབྲེལ་འགན་བཅོལ་ལམ་ལུགས་སྣ་ཚོགས་གསར་གཏོད་ལག་བསྟར་བྱས་ཏེ་ནོར་སྲིད་མ་དངུལ་གྱི་འདེགས་ཤིང་ནུས་པ་འདོན་སྤེལ་བྱས་ཡོད།
         བཀྲ་ཤིས་ཚེ་རིང་གིས“འགན་བཅོལ་གྱི་སྐྱིན་གསབ་དངུལ་ལེན་རྒྱུ་ཡོད་པས། ནོར་ལུག་གསོ་བའི་ཡིད་ཆེས་ཆེ་རུ་ཕྱིན་སོང”ཞེས་བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།