འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྫ་ཡུལ་སྦུར་བ་གྲོང་གསར་གྱི“འགྱུར་ལྡོག་གསུམ”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། བོད་ཤར་རྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྦུར་བ་གྲོང་གསར་དུ། གྲོང་མི་ཁེ་ཡིའུ་ཀྲེང་གིས་ཚང་མ་དང་མཉམ་དུ་སྐྱུར་ལངས་པའི་རྫས་ལུད། སྤྲེལ་ཁམ་རྟེན་གཞིའི་ནང་དབོར་བ་དང་སྔོ་ཐིང་ཐིང་གི་སྤྲེལ་ཁམ་སྡོང་ཕྲུག་ལྷགས་ཕྱོགས་དང་བསྟུན་ནས་གཡོ་ཞིང་སྐྱེ་ཚུལ་མི་རྣམས་དགའ་འོས་པ་ཞིག་ཡོད།
        སྦུར་བ་གྲོང་གསར་ནི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་མི་རྣམས་ནི་རྫ་ཡུལ་རྫོང་ཚ་བ་རོང་ཤང་གོར་ལྟག་གྲོང་ཚོ་དང་། གོང་ཁ་གྲོང་ཚོ། ཐོ་རེངས་གྲོང་ཚོ། དབའ་སྦུག་གྲོང་ཚོ། བུ་ཕ་གྲོང་ཚོ། ལ་ཁ་གྲོང་ཚོ་བཅས་ནས་ཡིན་ཞིང་དུད་ཚང་63དང་མི་གྲངས་354ཡོད་པ་རེད།
          ཏང་ཀྲི་པུའི་ཧྲུའུ་ཅི་ཐོག་མར་བསྐོས་པའི་ཨ་ཏིས། སྔོན་ཆད་ཁོང་ཚོ་གནས་སའི་གྲོང་སྡེ་མང་ཆེ་བ་རི་མཐོ་གྲོག་རོང་དུ་ཡིན་པ་དང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། “སྡོད་ས་ནི་སོ་ཕག་གི་ཁང་པ་ཡིན་པ་དང་། ཕྱིར་སྐྱོད་སྐབས་འཕྲང་ལམ་དོག་པོའི་ཐོག་གི་འབྲེང་ཟམ་བརྒྱུད་དགོས་པ། འཐུང་ཆུ་བོང་བུ་དང་རྟའི་སྒལ་པར་བསྐལ་ནས་དབོར་བ། ས་ཞིང་ཉུང་ལ་ས་རིམ་སྲབ་པ་མ་ཟད་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པས། ལས་ཞུགས་ཀྱི་ཐབས་ལམ་ཉུང་བ་དང་དགུན་དུས་སུ་མི་མང་ཆེ་བས་ཆང་རག་བཏུངས་ཏེ་ཉི་མ་བསྲོས་ནས་སྡོད་ཀྱི་ཡོད”ཅེས་བཤད།
         “འདི་གར་སྤོས་རྗེས་ཁང་པ་གསར་པ་བརྒྱབ་པ་དང་། ས་ཞིང་ནི་གསར་དུ་གསར་སྦོལ་བྱས་པ་དང་། ཐོན་ལས་ཀྱང་ལེ་ལག་ཚང་སྒྲིག་ཞིག་ཡོད། འགྱུར་ལྡོག་དེ་དག་ནི་ཚང་མས་མཐོང་ཐུབ་ཅིང་སེམས་ནང་དགའ་བས་མྱོས་ཡོད”ཅེས་ཨ་ཏིས་གསར་འགོད་པ་ཁྲིད་ནས་གྲོང་ཚོའི་ནང་ལྟ་སྐོར་བྱེད་ཞོར་དུ་སྤྲོ་སྣང་ཆེན་པོས་གྲོང་གསར་གྱི་འགྱུར་ལྡོག་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད།
         གྲོང་གསར་ནང་། སྔོ་ཐིང་ཐིང་གི་སྡོང་ཕྲུག་དང་མེ་ཏོག་གིས་ཁང་པའི་རྒྱབ་མདུན་གང་སར་མཐའ་སྐོར་བ་དང་། ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་ཁྲོམ་ལམ་ཆེ་ཆུང་ཚང་མར་ཤར་གཏོང་ཐུབ་ཡོད། ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པ་དེ་དག་གྲལ་སྟར་འགྲིག་ལ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཁྱིམ་ཚང་ཚང་མའི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བཞིན་སྣང་།
         ང་ཚོ་དུད་ཚང་འགའ་ཤས་ཀྱི་སྒོ་རའི་ནང་སྐྱོད་སྐབས། ཁང་པའི་ནང་མཁོ་ཆས་ཚང་མ་སྒྲིག་སྦྱོར་གང་ལེགས་བྱས་ཡོད་པ་དང་། ཁྱིམ་ཚང་ཚང་མས་ཆུ་བཤལ་གསང་སྤྱོད་བེད་སྤྱོད་བྱེད་ཀྱི་ཡོད་པས་མི་ཕྱུགས་ལོགས་དབྱེ་མངོན་འགྱུར་བྱུང་ཡོད།
         “ཚང་མས་གཟིགས་བྱུང་ངམ། འདི་ནི་གསར་སྦོལ་བྱས་པའི་མུའུ་770ཡོད་པའི་རྨོ་ཞིང་རེད། དུད་ཚང་རེར་མུའུ་2ཟིན་པའི་ཆུ་ཞིང་དང་། མི་རེར་ཆ་སྙོམས་མུའུ་1.8ཟིན་པའི་སྐམ་ཞིང་ཡོད”ཅེས་གྲོང་སྡེའི་མཐའ་བཞིར་ཁྱབ་པའི་ས་ཞིང་ལ་མཛུབ་མོ་འཛུགས་བཞིན་དུ་ཨ་ཏིས་དགའ་སྤྲོའི་ངང“ད་ཆ་ཚང་མ་ཁང་པ་གསར་པའི་ནང་སྤོས་པ་དང་། ས་ཞིང་གསར་པ་གསར་སྦོལ་བྱས་པ། ཕྱུག་འགྱུར་ལས་རིགས་གསོ་སྦྱོང་བྱས་པ་བཅས་ལ་བརྟེན་པས་འབྱུང་འགྱུར་གྱི་འཚོ་བར་དེ་བས་མདུན་ལམ་ལྡན”ཞེས་བཤད།
         “སྡོད་ཁང་སྐྱོ་པོ་ནས་སྤོ་བར”“དབུལ་པོའི་འབྱུང་རྩ”རྩ་བཀོག་གཏོང་དགོས་ངེས་རེད། སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག་སྦུར་བ་གྲོང་གསར་གྱི་ཐོན་ལས་སྣ་ཚོགས་འཕེལ་རྒྱས་ཧུར་ཐག་བཏང་བས་ཚང་མ་སྤོ་ཐུབ་པ་དང་སྡོད་ཐུབ་པ་བྱུང་ཡོད།
         རྫ་ཡུལ་རོང་སྨད་ནི་ཅུང་སྐྱུར་ལྡན་གྱི་ས་རྒྱུ་ཡིན་པ་དང་། ས་བབ་ཅུང་དམའ་བ། དྲོད་ཚད་ཅུང་མཐོ་བ་བཅས་ཡོད་པས་སྤྲེལ་ཁམ་གྱི་ཐོན་ལས་དང་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད། མིག་སྔར། གྲོང་ཚོས་མཉམ་སྡེབ་འདེབས་འཛུགས་བྱས་པའི་སྤྲེལ་ཁམ་གྱི་རྒྱ་ཁྱོན་མུའུ་374ཟིན་པ་དང་འབྱུང་འགྱུར་མུ་མཐུད་ཆེ་རུ་འགྲོ་རྒྱུ་རེད།
         ལག་རྩལ་མཛུབ་ཁྲིད་པ་ལི་ཁྲང་ཡུས་ཀྱིས་སྤྲེལ་ཁམ་གྱི་རྟེན་གཞིར་ད་ལྟ་སྡོང་ཕྲུག་རྐང་ཁྲི་3ཡོད་པ་དང་ཚོད་དཔག་བྱས་ན་ཕྱི་ལོར་འབྲས་བུ་བཏགས་ནས་མུའུ་རེའི་ཐོན་ཚད་རྒྱ་མ་500ཟིན་རྒྱུ་དང་། འབྱུང་འགྱུར་ཐོན་ཚད་ད་དུང་ལོ་རེ་བཞིན་འཕར་ནས་མང་ཤོས་སུ་མུའུ་རེ་ནས་ཐོན་ཚད་ཏུན་གཉིས་ཟིན་རྒྱུ་རེད་ཅེས་བཤད།
         གྲོང་མི་དེ་བས་མང་བས་སྒོ་རའི་དཔལ་འབྱོར་གཏོད་པས་ཁྱིམ་གྱི་སྒོ་ཐོན་མི་དགོས་པར་འབབ་འཕར་བྱུང་ཡོད། བཀྲ་ཤིས་ལྷ་མོའི་ཁྱིམ་གྱི་སྒོ་རའི་ནང་སྔོ་ཚལ་སོས་པ་སྣ་ཚོགས་སྐྱེས་ཡོད་པ་དང་། ནུ་མཁན་དང་། རྒུན་འབྲུམ། ཚ་ལུ་མ། ཀུ་ཤུ། སེ་འབྲུ་སོགས་ལ་འབྲས་བུ་ལྗིད་ཏིག་ཏིག་བཏགས་ཡོད། ཁོང་གིས་ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་འཚོ་བ་འདི་འདྲ་སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད་ཅེས་བཤད།
         དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། ཨ་ཏིས་ཁང་པ་གསར་པར་མ་སྤོས་གོང་དེ་གར་མི་གཅིག་ཀྱང་ཕྱིར་གླ་པར་སྐྱོད་མཁན་མེད། “ད་ཆ་གཞོན་ནུ་ཚང་མ་རྫ་ཡུལ་དང་། ཉིང་ཁྲི། ཆབ་མདོ། ལྷ་ས་སོགས་སུ་གླ་པར་སྐྱོད་ཀྱི་ཡོད། གནས་སྤོ་དེ་ལྟར་བྱས་པས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད“བསམ་བློ”གཏོང་སྟངས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བཤད།
         རྫ་ཡུལ་རྫོང་གི་རྫོང་དཔོན་ཏུའུ་ཡོན་ཝུན་གྱིས་གསར་འགོད་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫ་ཡུལ་གྱིས་རིམ་རྩིས་བྱས་ན་དུད་ཚང་360ཡི་མི་820ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན། “སྦུར་བ་དང་འདྲ་བའི་གྲོང་གསར་དེ་འདྲ་འབྱུང་འགྱུར་དེ་བས་མང་དུ་འགྲོ་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།