འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྦྲང་རྩིའི་ཐོན་ལས་ཀྱིས་སྤུས་རྟགས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་5ཚེས་20ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི“འཛམ་གླིང་གི་སྦྲང་ནོར་བུའི་ཉིན་མོ”ཐོག་མ་དེ་རེད། གསར་འགོད་པར་ཀྲུང་གོ་སྦྲང་རྩིའི་ཐོན་རྫས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་རྒྱལ་འཛམ་གླིང་གི་སྦྲང་གསོའི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད། ཡིན་ནའང་སྦྲང་རྩིའི་ཐོན་ལས་ཀྱི་ཚོང་རྟགས་ཅན་འཛུགས་སྐྲུན་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།
         ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་ཁོངས་མི་ཝང་ཝེ་ཡིས་ངོ་སྤྲོད་བྱས་པར། མིག་སྔར་རང་རྒྱལ་འཛམ་གླིང་གི་སྦྲང་གསོའི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་པ་དང་། ལོ་རེར་སྦྲང་རྩི་ཐོན་ཚད་ཏུན་ཁྲི་47ཟིན་པ། སྦྲང་རྩིའི་མེ་ཏོག་གི་ཕྱེ་མ་དང་སྤྲ་ཚིལ་སོགས་ཀྱི་ཐོན་འབོར་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། གཞན་ཡང་རྒྱལ་སྤྱིའི་ཁྲོམ་རའི་25%ཡི་སྦྲང་རྩི་དང་90%ཡི་སྦྲང་རྩིའི་སྙིང་བཅུད་ཀྲུང་གོ་ནས་ཐོན་སྐྱེད་བྱས་པ་རེད། 
         བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར་རང་རྒྱལ་དུ་སྦྲང་རྩིའི་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་དབང་ཆ་ཡོད་པའི་ཁེ་ལས་1000ལྷག་ཙམ་ཡོད་པའི་ནང་གཞི་ཁྱོན་ངེས་ཅན་ལྡན་པའི་ཁེ་ལས་300ལྷག་ཙམ་ཡོད། ཡིན་ནའང་ལས་རིགས་གཞན་དང་བསྡུར་ན་སྦྲང་རྩའི་ཐོན་རྫས་ལ་འཛད་སྤྱོད་པས་རྒྱུས་མངའ་ཡོད་པའི་ཚོང་རྟགས་མེད་པ་རེད།
         ཝང་ཝེ་ཡིས་སྦྲང་རྩིའི་ཐོན་ལས་ནི་རང་རྒྱལ་གྱི་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཐོན་ལས་ཤིག་རེད། ཡིན་ནའང་མིག་སྔར་ལས་རིགས་དེར་དཀའ་ངལ་དང་འཕེལ་རྒྱས་ཀྱི་འཇུར་མིག་འཕྲད་བཞིན་ཡོད། ལྷག་པར་དུ་ཚོང་རྟགས་ཀྱི་ཁྲིད་སྟོན་ནུས་པ་ཞན་པ་ནི་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། སྦྲང་རྩིའི་ཐོན་ལས་ཡར་ཐོན་འཕེལ་རྒྱས་དགོས་ན་རིགས་མི་འདྲ་བ་དང་། རིམ་པ་མི་འདྲ་བ། སྤུས་ཚད་ཡག་པ། འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཤུགས་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཕུལ་བྱུང་གི་གྲགས་ཅན་ཚོང་རྟགས་མང་པོ་ཞིག་དགོས་ངེས་རེད། སྤུས་ཚད་དང་ཚོང་རྟགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་བརྒྱུད་རྒྱལ་ནང་གི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྐོང་ཐུབ་པ་དང་མཁོ་སྤྲོད་ཕྱོགས་སུ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་སྦྲང་རྩིའི་ཐོན་ལས་ཕྱོགས་ཡོངས་ནས་རིམ་དུ་སྤོར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
        ཀྲུང་གོའི་སྦྲང་རྩིའི་ཐོན་རྫས་མཐུན་ཚོགས་ཀྱི་འགན་ཁུར་བས་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཕུལ་བྱུང་ཚོང་རྟགས་བཏོད་པ་བརྒྱུད་ཀྲུང་གོའི་སྦྲང་རྩིའི་ཐོན་ལས་ཐོན་འབོར་གཞི་ཁྱོན་རྣམ་པའི་འཕེལ་རྒྱས་ནས་སྤུས་ཚད་ཕན་འབྲས་རྣམ་པའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ལ་དེ་བས་མང་བའི་ཀྲུང་གོའི་སྦྲང་རྩིའི་ཐོན་རྫས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་ཀྱང་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།