འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུག་རེན་གྱི་འཐུས་མི་ཚོགས་པས་བོད་ལྗོངས་ལ་འཚམས་འདྲི་བྱས་པ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞན་ཀན་གྱིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གདན་ཞུས་ལྟར། ཟླ་5ཚེས་14ནས་19ཉིན་བར་སྲིད་ཕྱོགས་ཀྱི་གལ་ཆེའི་མི་སྣ་དང་། མཁས་དབང་། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི་34ལས་གྲུབ་པའི་ཡུག་རེན་གྱི་འཐུས་མི་ཚོགས་པས་བོད་ལྗོངས་ཀྱི་ལྷ་ས་དང་ཉིང་ཁྲིར་འཚམས་འདྲི་བྱས་ཤིང་། ཚེས་19ཉིན་ལྟ་སྐོར་འཚམས་འདྲི་མཇུག་འགྲིལ་ཏེ་བོད་ལྗོངས་ནས་ཁ་གྱེས་པ་རེད།
         ཕོ་བྲང་པོ་ཏ་ལ་ནི་འཐུས་མི་ཚོགས་པས་བོད་ལྗོངས་ལ་འཚམས་འདྲི་བྱ་ཡུལ་དང་པོ་ཡིན་པ་དང་། འདིའང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་བོད་ལྗོངས་སུ་སྐྱོད་སྐབས་ཡིན་གཅིག་སྐྱོད་སའི་ས་ཆ་ཞིག་རེད། འཐུས་མི་ཚོགས་པའི་ཁོངས་མི་ཚོས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་བསྐྱོད་དེ་ལྟ་སྐོར་བྱེད་ཞོར་དུ་ཕོ་བྲང་པོ་ཏ་ལའི་ཉམས་གསོ་སྲུང་སྐྱོབ་སྐོར་ཤེས་རྟོགས་བྱས་པ་རེད།
         དེ་རྗེས་འཐུས་མི་ཚོགས་པ་བོད་ལྗོངས་ལྷ་སར་སློབ་གཉེར་ལོ་རྒྱུས་ཡུན་རིང་ཤོས་ཀྱི་བོད་ལྗོངས་སློབ་ཆེན་དུ་བསྐྱོད་ཅིང་། བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཡང་ཏན་གྱིས་ཡུག་རེན་གྱི་འཐུས་མི་ཚོགས་པར་སློབ་གྲྭའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཆེད་ལས་སློབ་ཚན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། “མིག་སྔར་བོད་ལྗོངས་སློབ་ཆེན་ལ་ཨ་རི་དང་། ཁ་ན་ཏ། ཧྥ་རན་སེ། ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མ་30ལྷག་ཙམ་ཡོད་པ་དག་གིས་གཙོ་བོ་བོད་སྐད་ཡིག་ཆེད་ལས་སྦྱོང་གི་ཡོད”ཅེས་ཡང་ཏན་གྱིས་འཐུས་མི་ཚོགས་པར་དེ་གར་སློབ་སྦྱོང་བྱེད་པར་སླེབས་པའི་ཕྱི་སྦྱོང་སློབ་མའི་སྐོར་ཆེད་མངགས་ངོ་སྤྲོད་བྱས།
         འཐུས་མི་ཚོགས་པས་བོད་ལྗོངས་སློབ་ཆེན་གྱི་དཔེ་རྙིང་ཞིབ་འཇུག་སྲུང་སྐྱོབ་ཁང་དང་ཐང་ག་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་མ་ཟད་མི་རིགས་ཀྱི་ཞབས་བྲོའི་སློབ་ཚན་ལའང་བལྟས་པ་རེད། བོད་ཡིག་གི་དཔེ་རྙིང་ནས་ཐང་གའི་བར་དང་སློབ་ཁྲིད་ལ་ལྟ་སྐོར་བྱེད་པ་ནས་སློབ་མ་དང་སྤེལ་རེས་བྱེད་པའི་བར་འཐུས་མི་ཚོགས་པའི་ཁོངས་མི་ཚོས་སློབ་ཆེན་དེའི་འཕེལ་རྒྱས་ཀྱི་ཆུ་ཚད་ང་ཚོའི་བསམ་ཚོད་ལས་མཐོ་བ་འདུག དེ་དང་ཆབས་ཅིག་བོད་ལུགས་གསོ་རིག་དང་ཐང་ག་བཞེངས་རྩལ་སོགས་སྲོལ་རྒྱུན་གྱི་རིག་གནས་དེང་རབས་སློབ་ཆེན་གྱི་སློབ་གསོའི་ཁྲོད་རྒྱུན་འཛིན་དང་གོང་འཕེལ་བྱུང་བའང་མཐོང་བྱུང་ཞེས་བརྗོད།
         ཚེས་16ཉིན། འཐུས་མི་ཚོགས་པས་ལྷ་ས་ཆུ་ཤུར་ས་གཙང་ཐོན་ལས་གླིང་དང་ལྷ་ས་དུས་བཞི་བཀྲ་ཤིས་གྲོང་ཚོར་སྔ་རྗེས་སུ་ལྟ་སྐོར་བྱས་ཤིང་། ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་གི་སྤྱི་ཁྱབ་གཞོན་པ་ཆེ་ལེ་ཏེ་ཉི་ཆིན་ཁོ·དབྱི་ལི་ན་ཡི་བསམ་ཚོད་ལ་བོད་ས་མཐོར་གནས་སྟབས་སྔོ་ཚལ་དང་། མེ་ཏོག ཤིང་འབྲས་བཅས་སྐྱེ་ཁག་པོ་རེད་སྙམ་ཡོད། ཡིན་ནའང་ད་ཆ་མེ་ཏོག་དང་ཤིང་འབྲས་འདེབས་པ་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ཨ་རག་དང་བྱུག་རྫས་ཐོན་སྐྱེད་བྱེད་པའི་བར་ཐོན་ལས་གླིང་དུ་ཐོན་སྐྱེད་སྒྲུབ་རིམ་གྲལ་འགྲིག་པོ་ཡོད་པ་དེ་དག་ལས་ཁྲོམ་རའི་དགོས་མཁོ་བསྐངས་ཡོད།
         དུས་བཞི་བཀྲ་ཤིས་གྲོང་ཚོར་གྲོང་མི་ཚེ་རིང་གཡུ་སྒྲོན་གྱི་ངོ་སྤྲོད་བརྒྱུད་ཆེ་ལེ་ཏེ་ཉི་ཆིན་ཁོ·དབྱི་ལི་ན་ཡིས་གྲོང་ཚོའི་དུད་ཚང་300ལྷག་ཚང་མ་གནས་སྤོས་དབུལ་སྐྱོར་དུད་ཚང་ཡིན་པ་དང་། དེ་གར་སྤོས་པའི་དུད་ཚང་དབུལ་པོ་རྣམས་ཚེ་རིང་གཡུ་སྒྲོན་གྱི་ཁྱིམ་དང་འདྲ་བར་ཁང་པ་རྙིང་ཞིང་གོག་པ་ནས་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་གསར་པར་སྤོས་པས་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་ཤེས།
          ཚེ་རིང་གཡུ་སྒྲོན་ཁྱིམ་གྱི་གྱང་ལྡེབས་སུ་མི་རེའི་ཆ་སྙོམས་ཡོང་འབབ་དང་། མི་འབོར། དབུལ་པོར་འགྱུར་རྐྱེན་སོགས་བཀོད་པའི་གསལ་ཤེས་གཱ་ཞིག་བཀལ་ཡོད་པར་ཆེ་ལེ་ཏེ་ཉི་ཆིན་ཁོ·དབྱི་ལི་ནས་དོ་སྣང་བྱས། ཚེ་རིང་གཡུ་སྒྲོན་གྱིས“ངའི་བཟའ་ཟླ་ཁ་ལོ་བ་ཡིན་པས་ཡོང་འབབ་མི་དམན་པ་འདུག ན་ནིང་ཁྱིམ་དུ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་ཟིན་པས་ད་ཆ་དབུལ་པོའི་གནས་ལས་བསྒྲལ་ཟིན”ཅེས་བཤད།
         “སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གང་འདྲ་བྱས་ཡོད་དམ། གསེར་སྐྱེམས་ལའི་རི་སྐོར་གཞུང་ལམ་ག་དུས་བསྐྲུན་ཚར་རམ། ཡུལ་སྐོར་ཡོང་འབབ་ཇི་འདྲ་འདུག”ཅེས་ཉིང་ཁྲིའི་བཀྲ་ཤིས་སྒང་གྲོང་ཚོར་འཐུས་མི་ཚོགས་པའི་ཁོངས་མི་ཚོས་བྲོ་བ་ཞིམ་པའི་ཇ་བསྲུབས་མ་དང་རོ་མངར་བའི་ཕྱུ་རར་རོལ་བཞིན་དུ་གྲོང་མི་པད་མ་ཆོས་སྒྲོན་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་དུ་བཅར་འདྲི་བྱས། ཁོང་ཚོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྐྱེད་གསབ་དངུལ་བུན་སོགས་ཀྱི་བྱ་ཐབས་བརྒྱུད་ཁྱིམ་ཚང་མགྲོན་ཁང་གཉེར་བར་ལོ་ལྟར་ཡོང་འབབ་སྒོར་ཁྲི་30ཡོང་གི་ཡོད་པ་ཐོས་རྗེས་འཐུས་མི་ཚོགས་པའི་ཁོངས་མི་ས་ཀན·ཨ་ལེ་ཁོ་སང་ཏེར་གྱིས“ང་ཧང་སངས་སོང་། སྲིད་གཞུང་གིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་འདི་འདྲ་བྱས་འདུག རྒྱལ་ཁབ་ཀྱིས་ཐོན་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། འདི་ལྟ་བུ་ཡུག་རེན་དུ་བསམ་ཚོད་བྱེད་མི་ཕོད་པ་ཞིག་རེད”ཅེས་བཤད།
         ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་ཡུག་རེན་གྱི་འཐུས་མི་ཚོགས་པས་བོད་ཡིག་སློབ་དཔྱོད་ཚོགས་ཆུང་གི་དགེ་རྒན་ཚོས་བོད་ཡིག་ཡིག་གཟུགས་ཀྱི་སློབ་ཚན་འཁྲིད་བཞིན་པ་མཐོང་། ཡུག་རེན་གྲོས་ཚོགས་ཀྱི་རིག་གནས་དང་བསམ་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་པོ་ཡེ་ལན་སེ་ཅི·ཝེ་ཁེ་ཐོར་གྱིས་བསྔགས་བརྗོད་ཡང་ཡང་བྱེད་བཞིན་དུ་བོད་ཡིག་གི“བཀྲ་ཤིས་བདེ་ལེགས”ཞེས་བྲིས་པའི་ཤོག་ངོས་སུ“རླུང་ལྟ་ཡར་འགྲོ”ཞེས་ཡུག་རེན་གྱི་ཡི་གེ་བྲིས་ཤིང་། ཡིག་གཟུགས་ཀྱི་སྤེལ་རེས་ལས་ཀྲུང་ཡུག་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་རིག་གནས་འབྲེལ་ཟམ་ཞིག་དེར་ཡོད་པའི་མི་ཚང་མའི་སེམས་སུ་ཆགས།
         བོད་ལྗོངས་ནས་ཁ་མ་གྱེས་གོང་། འཐུས་མི་ཚོགས་པའི་ཚོགས་གཙོ་ཡེ་ལན་སེ་ཅི·ཝེ་ཁེ་ཐོར་གྱིས་ཀྲུང་གོ་ཕྱོགས་ཀྱི་ལས་དོན་མི་སྣར་ད་ཐེངས་ལྟ་སྐོར་འཚམས་འདྲིར་ཡོང་ནས་བོད་ལྗོངས་ཀྱི་རིག་གནས་དང་། སློབ་གསོ། དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་མང་པོ་དར་རྒྱས་འགྲོ་ཚུལ་ཉམས་ལེན་ཐུབ་བྱུང་། “ཡུག་རེན་ནི་ཞི་བདེར་ཧ་ཅང་མོས་པའི་རྒྱལ་ཁབ་ཅིག་རེད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་བཀུར་ཞུ་ཡི་ཡོད་ལ་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་དང་། སློབ་གསོ། དམངས་འཚོ་བཅས་དང་དེ་བཞིན་སྨྱན་སྦྱོར་འཕེལ་རྒྱས་འགྲོ་ཚུལ་ལ་ང་ཧང་སངས་བྱུང་ལ་བོད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ང་དང་འཐུས་མི་ཚོགས་པའི་སྨྱན་སྦྱོར་ལས་རོགས་ཚོ་རང་རྒྱལ་ཁབ་ཏུ་ལོག་རྗེས་ཡུག་རེན་གྱི་རྒྱ་ཆེའི་དམངས་ཚོགས་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐོར་ཤོད་ཀྱི་ཡིན། ངས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཆུ་མོའི་རྒྱུན་བཞིན་འབབ་པའི་རེ་བ་བྱེད་ཀྱི་ཡོད་ལ་ཀྲུང་ཡུག་དབར་དང་ཀྲུང་གོའི་བོད་ལྗོངས་དང་ཡུག་རེན་དབར་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བརྗོད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།