འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་གསར་འགོད་པས་བོད་ཀྱི་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ་པ་བརྒྱུད། རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་ས་རྒྱ་ཆེ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པའི་ནག་ཆུ་གྲོང་ཁྱེར་དངོས་སུ་སྒོ་བྱང་བཀལ་ནས་འཛུགས་རྒྱུ་ཡིན་པ་རེད།
         ནག་ཆུ་གྲོང་ཁྱེར་ནི་བོད་ཀྱི“བྱང་སྒོ་ཆེན་པོ”ཡིན་པས་བྱང་ནི་མཚོ་སྔོན་དང་ཤིན་ཅང་དང་འབྲེལ་ལ། མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། བོད་དབུས་ཐད་རྒྱུག་གློག་དྲ། ལན་ཟི་ལྷ་འོད་སྐུད། གོར་ལྷ་སྣུམ་འདྲེན་ལྕགས་མདོང་བཅས“སྲོག་ཐིག་ལྔ”ས་མཚམས་ཁུལ་ནས་བརྒྱུད་པས་བོད་ཀྱི་ལྷོ་མཐུད་བྱང་འདྲེན་དང་ཤར་ནུབ་འབྲེལ་བའི་འགྲིམ་འགྲུལ་གྱི་ལྟེ་བ་དང་། བོད་ནས་མེས་རྒྱལ་ནང་སར་ཤར་གཏོང་གི་བགྲོད་ལམ་གལ་ཆེན། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལྷོ་རྒྱུད་ནས་བོད་དུ་སྐྱོད་སའི་འབྲེལ་མཐུད་གནས་གལ་ཆེན་བཅས་ཀྱང་རེད། གྲོང་ཁྱེར་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་43ཡོད་པ་དེས་བོད་ཀྱི་ས་ཆའི་རྒྱ་ཁྱོན་གསུམ་ཆ་གཅིག་བཟུང་བ་དང་དེའི་ཁོངས་གཏོགས་སུ་ཆུས་1དང་། རྫོང་10 ཤང་དང་གྲོང་རྡལ་114 གྲོང་ཚོ(གྲོང་ལྷན)1190བཅས་ཡོད་པ་དང་ཁྱོན་མི་འབོར་ཁྲི་50ལྷག་ཙམ་ཡོད་པའི་ནང་འབྲོག་པ་ཁྲི་46.8ཡོད་པ་རེད། ནག་ཆུ་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་6.32དང་། ཕྱུགས་རིགས་མགོ་གྲངས་ཁྲི་500ལྷག་ཙམ། ཞིང་ལས་སྐྱེ་དངོས་ཀྱི་འདེབས་ཁྱོན་སྤྱི་ཆིང་4916བཅས་ཡོད་པའི་ཁར་རང་བྱུང་འཐུང་ཆུའི་ཐོན་ཁུངས་དང་། དྭངས་གཙང་ནུས་རྒྱུ། བོད་ཀྱི་གསོ་བ་རིག་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་། རྩི་ཤིང་དང་། ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
         《བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་》གཞིར་བཟུང་། ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་ནག་ཆུ་རྫོང་ཆུས་སུ་བསྒྱུར་བ་རེད། ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་26ཉིན་ནས་29ཉིན་བར་ཀྲུང་གོ་གུང་ཁྲན་ཏང་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོག་རྒྱུ་དང་། ཟླ་5ཚེས་2ནས་6ཉིན་བར་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུ། ཟླ་5ཚེས་1ཉིན་ནས་5ཉིན་བར་སྲིད་གྲོས་སྐབས་དང་པོའི་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུ་བཅས་རེད།
         ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡ་ཏུང་གིས་ངོ་སྤྲོད་བྱས་པར། ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དེས་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་འགན་ནུས་ལ་ཤུགས་སྣོན་ཐེབས་ནས་གྲོང་ཁྱེར་འཛུགས་སྐྲུན་ཆུ་ཚད་མཐོ་རུ་དང་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ་དང་། སྲིད་གཞུང་ཁྲིམས་སྐྱོང་ཅན་དུ་འཛུགས་པ་དང་ཁྲིམས་ལྟར་སྲིད་འཛིན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ། ནག་ཆུ་གྲོང་ཁྱེར་གྱིས་བོད་ཀྱི“བྱང་སྒོ་ཆེན་པོའི”ས་བབ་དང་། འགྲིམ་འགྲུལ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་རྒྱུར་སྐུལ་མ་ཡང་ཐེབས་ཡོད། 2022ལོར་སླེབས་སྐབས། ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བོད་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་རྒྱུའམ་ཡང་ན་དེ་དང་འདྲ་བར་སླེབས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།