འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་དུ་ཞི་བདེ་འཛུགས་སྐྱོང་དང་
    རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཞི་བདེ་འཛུགས་སྐྱོང་དང་རྒྱུན་འཁྱོངས་ཀྱི་མཐོ་རིམ་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྦྱོར་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་རྒྱལ་ཁབ་ལ་ཞི་བདེ་མངོན་འགྱུར་དང་རྒྱུན་འཁྱོངས་ཐུབ་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
         ད་ཐེངས་ཀྱི་ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་འབྲེལ་ཡོད་ཀྱི་གདོང་ཐུག་སྔོན་འགོག་དང་། བར་འདུམ། སྐད་ཆ་ཤོད་རེས། ཕྱི་འབྲེལ་ལམ་ནས་ཐག་གཅོད་ཡོང་ཐབས་སོགས་ཀྱི་གནད་དོན་གཙོ་གནད་ཐོག་གྲོས་བསྡུར་བྱ་རྒྱུ་རེད།
        ཀུ་ཐེ་ལེ་སིས་འགོ་འཛུགས་མཛད་སྒོའི་ཐོག་ཉེ་བའི་ལོ་30ཙམ་རིང་རྒྱལ་ཁབ་དེ་བས་མང་བར་གཏུམ་སྤྱོད་གདོང་ཐུག་གི་མནར་གཅོད་ཟམ་མི་ཆད་པར་ཕོག་བཞིན་ཡོད། ལོ་གཉིས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཉིས་ལ་གྲོས་འཆམ་བྱས་ནས“གདོང་ཐུག་གི་དུས་མཚམས་ཁག་དང་དེ་བཞིན་རིམ་པ་ཁག་ཏུ”ཞི་བདེ་རྒྱུན་འཁྱོངས་ཐུབ་རྒྱུའི་ཁས་ལེན་བྱས་ཡོད། ཁོང་གིས་ད་ཐེངས་ཀྱི་ཚོགས་འདུ་བརྒྱུད་འབྲེལ་ཡོད་གྲོས་ཆོད་ལག་ལེན་བསྟར་རྒྱུར་སྒུལ་ཤུགས་དེ་བས་ཆེན་པོ་བསྣན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་འཕྲད་པའི་འགྲན་སློང་གི་གཞི་ཁྱོན་དང་ངོ་བོའི་ཐོག་ནས་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་དབར་འཐབ་ཇུས་དང་རོགས་ཟླའི་འབྲེལ་བ་དམ་ཟབ་འཛུགས་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བརྗོད། ཁོང་གིས་རྒྱལ་ཁབ་ཁག་གིས་བདག་པོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་བུད་མེད་དང་། ན་གཞོན། གྲངས་ཉུང་ཚོགས་སྤྱི། དབང་པོ་སྐྱོན་ཅན་བཅས་ཚུད་པའི་ཉམས་ཞན་མི་ཚོགས་ཀྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཚེ་འཛམ་གླིང་གཞི་ནས་རྒྱུན་སྲིང་ཞི་བདེ་ཡོང་ཐུབ་པའི་ངོས་འཛིན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།