འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་
    བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
            —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བར་ཀྲེ་ཅང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།
             “གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཀྲེ་ཅང་གི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་སྔར་བས་ཁྱབ་གདལ་བཏང་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བར་ཀྲེ་ཅང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སྙིང་རུས་གཏན་འཁྱོངས་དང་སྐུལ་འདེད་ཏན་ཏིག་དང་། ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར། ཁོར་ཡུག་ལེགས་བཅོས་དང་ཞན་ཆ་གསབ་པ་བཅས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རིང་རྒྱ་ཆེའི་ཞིང་པའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
             སྙིང་རུས་གཏན་འཁྱོངས་དང་སྐུལ་འདེད་ཏན་ཏིག་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་མང་པོ་འཛུགས་སྐྲུན་བྱ་རྒྱུ།
             “དེ་སྔོན་འདམ་རྫབ་ཀྱིས་ཁེངས་པའི་གྲོང་ཚོའི་ལམ་ཆུང་དུ་བྱ་དེ་དང་ཡ་ཙེ་མི་ལས་མང་མོད། འོན་ཏེ་ད་ཆ་དུས་ཆེན་དང་ངལ་གསོའི་དུས་ཚོད་འཆར་ཉེའི་མཚམས་སུ་གྲོང་ཚོར་ཡུལ་སྐོར་བས་ཁེངས་འདུག”ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ཏུང་ཁེང་གྲོང་རྡལ་པེ་ཧོ་གྲོང་ཚོ་ནི་རི་གཤམ་དུ་གནས་སྤོས་དབུལ་སྒྲོལ་གྱི་ཡུལ་མི་བཀོད་སྒྲིག་གྲོང་ཚོ་ཞིག་རེད། “གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ལག་བསྟར་བྱས་པ་བརྒྱུད་གྲོང་ཚོ་ཧྲིལ་པོའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལས་ང་ཚོས་སྐྱོད་པའི་ལམ་བུར་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང”ཏུང་ཁེང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཧའེ་ཏུང་གིས་ལམ་བདེ་རུ་དང་། གྲོང་ཚོ་མཛེས་སུ། མི་མང་དུ་བཅས་ཕྱིན་པ་མ་ཟད། ད་དུང་དུད་ཚང་ཀུན་ལ་ཕྱུག་འགྱུར་ལམ་བུ་ཞིག་ཀྱང་རྙེད་ཡོད་ཅེས་བཤད།
             ལི་ཧྲུའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀོ་ཞུའེ་པིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་ལས་རྒྱ་ཆེའི་གྲོང་གསེབ་དང་གཞི་རིམ་མང་ཚོགས་ཀྱི་སྙིང་རུས་གཏན་འཁྱོངས་བྱེད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་མང་པོ་འཛུགས་སྐྲུན་བྱ་རྒྱུའི་བསམ་གཞི་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། དེ་ནི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་རྩ་བརྟན་པོས་ལག་བསྟར་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བརྟན་སྲུང་། རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་པ་ལས་བྱུང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་ཞུགས་པ་དང་དང་ལེན་ཧུར་ཐག་བྱས་ཁར། ངོས་འཛིན་གཅིག་མཐུན་གྱིས་མཉམ་སྐྲུན་མཉམ་སྤྱོད་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བཤད།
             དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་པའི་ཧང་ཀྲོའུ་གྲོང་ཁྱེར་ཤིས་ཧུའུ་ཆུས་སུ་གྲོང་གསེབ་འཛུགས་སྐྲུན་བྱེད་རིང“སྒྲོན་འོག་མུན་པའི”སྣང་ཚུལ་ཐོན་མོད། འོན་ཏེ“རི་དང་། ཆུ། ནགས། ཞིང་། མཚེའུ། ལམ། གྲོང་ཚོ”བཅས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ་བརྒྱུད་གྲོང་ཚོ་དང་གྲོང་རྡལ་གྱི་ཁོར་ཡུག་ལེགས་སུ་སོང་བ་དང་། ཐོན་ལས་ཆགས་སྟངས་རིམ་སྤོར་བྱུང་བ་མ་ཟད། ད་དུང་མི་སེར་གྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་སོང་ཡོད། ཤིས་ཧུའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་པེན་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་ཐོག་མཛེས་ལྗོངས་ཁུལ་གྱི་ཚད་གཞི་གཞིར་བཟུང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཤིས་ཧུའུ་ས་གཞི་འདི་ཉིད་དངོས་འབྲེལ་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་རྒྱུ་རེད་ཅེས་བཤད།
             ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར་བྱེད་པ་ལས“བྱས་རྗེས་འདུ་འགོད”དང“རྟཌ་མཚོན་འདུ་འགོད”གཏན་ནས་མི་གཉེར་རྒྱུ།
             “འབྲི་ཆུའི་ལྷོ་རྒྱུད་ཁུལ”གྱི་ཧྲའོ་ཤིན་ཁོ་ཟམ་དུ་པར་འདེབས་ཚོས་རྒྱག་འཁེལ་འཐག་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་དང་གཙོ་རྐང་བརྗེ་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་བྱུང་ཡོད་ལ་གྲོང་གསེབ་ཀྱང“གྲོང་ཚོ་བརྒྱ་ལ་རྣམ་པ་གཅིག”ནས“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”ཕྱོགས་སུ་འགྱུར་ལྡོག་བྱུང་ནས་ཁྱད་ལྡན་གྱི་མཛེས་ཕྱོགས་སྔོག་འདོན་གང་ལེགས་ཐུབ་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལ་ནན་པོར་གཞིགས་ནས་ཡུལ་བབ་དང་བསྟུན་པ་ལས་གྲོང་ཚོ་སྟོང་ལ་རྣམ་པ་གཅིག་གཏན་ནས་བྱེད་ཀྱི་མིན”ཞེས་ཁོ་ཟམ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཀྲི་ཅང་གིས་བཤད།
             “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར་བྱེད་དགོས’ཞེས་གསུངས་པ་དེ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་སྐབས་དམ་འཛིན་བྱེད་དགོས་པའི་ཚད་གཞི་མཚོན་གྱི་ཡོད”ཀྲེ་ཅང་སློབ་ཆེན་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོང་ཙུའུ་ཧུའེ་ཡིས“ཡུལ་བབ་དང་བསྟུན་པ”ཞེས་པ་ནི་གནས་སྡོད་དང་།
            ལས་སྒྲུབ། ཡུལ་སྐོར་བཅས་ལ་འཕྲོད་པ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ“ཁྲི་སྟོང་འདུ་འགོད”ལ་རིགས་དབྱེ་སྐུལ་འདེད་བཏང་ནས་ལྟེ་བའི་གྲོང་ཚོ་དང་གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་གཙོ་གནད་ཐོག་འཛུགས་སྐྲུན་བྱ་རྒྱུ་དང་། མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ། ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྱབ་འགྱེད་དང་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཡིན་པའི་ངོས་འཛིན་བྱས་པ་རེད།
             “གནད་སྨིན་ཇུས་བསྟར་བྱེད་པར”ད་དུང་སྔོན་ལ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲེ་ཅང་ཞིང་ཆེན་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས། མིག་སྔར་ཀྲེ་ཅང་དུ་རྫོང་ཁོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྣེ་འདྲེན་དུ་བྱས་པ་དང་གྲོང་གསེབ་ཀྱི་བཀོད་པ་འཆར་འགོད་དང་། ལྟེ་བའི་གྲོང་ཚོ་འཛུགས་སྐྲུན་འཆར་འགོད། གྲོང་གསེབ་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་འཆར་འགོད། ལོ་རྒྱུས་རིག་གནས་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་བཅས་རྨང་གཞིར་བྱས་པའི“1+4”རྫོང་ཁོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་འཆར་འགོད་ཀྱི་མ་ལག་ཅིག་ཆགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            ཁོར་ཡུག་ལེགས་གཏོང་དང་ཞན་ཆ་ཁ་གསབ་བྱས་ཏེ་རྒྱ་ཆེའི་ཞིང་པའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་གཏོང་རྒྱུ།
            “དོན་དག་རེ་རེ་བཞིན་བསྒྲུབས་པ་དང་ལོ་རེ་རེ་བཞིན་འབད་བརྩོན་བྱས་ཏེ་སྣོད་བཅུད་གནས་འཕྲོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཁྲོད་རྒྱ་ཆེའི་ཞིང་པའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་གཏོང་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་ལས་ཀྲེ་ཅང་གི་ལས་བྱེད་མང་ཚོགས་ཀྱི“ཁྲི་སྟོང་འདུ་འགོད”ལ་སྐུལ་འདེད་གཏོང་བའི་ཁྲོད“མང་ཚོགས་ཀྱི་ལྟ་ཕྱོགས”མཐའ་འཁྱོངས་བྱས་ནས་དམངས་འཚོའི་བྱ་བ་ཆུང་ངུ་དག་ཤུགས་རྒྱག་སར་འགྱུར་བ་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཚང་མ་རིམ་བཞིན་ཐག་གཅོད་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་བཏང་བ་རེད།
             ཕུའུ་ཅང་མཱ་ལིང་ཅའོ་གྲོང་ཚོར་སྔོ་ལྗང་རྩི་ཤིང་གང་སར་སྐྱེས་ཡོད་པ་དང་། དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པ། གྲོང་ཚོའི་ཁང་པ་མང་པོ་གྱང་དཀར་རྫ་ལེབ་ཀྱི་རི་གྲོང་ཁྱད་ལྡན་སྡོད་ཁང་དུ་གྱུར་ནས་ཞིང་དུད་མང་པོས་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་བྱེད་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ནི་སྔོན་ཆད་ཀྱི“ཤེལ་དཀར་གྲོང་ཁྱེར”ཡིན་པའི་ཕུའུ་ཅང་ལ“གད་སྙིགས་ཁྲོད་ཡོང་འབབ་གསོག སྨན་ཁང་དུ་འགྲོ་སོང་གཏོང”ཞེས་བརྗོད་མྱོང་ཡོད།
             “མི་སེར་ཚོ་སེམས་གཏིང་ནས་དགའ་ཚོར་སྐྱེས་ཐུབ་པ་བྱ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན”ཞེས་མཱ་ལིང་ཅའོ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཁའེ་ཕུའུ་ཡིས་བཤད། ཕུའུ་ཅང་གིས་ལོ་གསུམ་ནང་སྣོད་བཅུད་བསྐྱར་སྐྲུན་བྱ་རྒྱུ་དང་། དམའ་ཆུང་ཐོར་གསུམ་གྱི་བཟོ་ཁང་སྒོ་རྒྱག་རྒྱུ། ཁེ་ལས་བཟོ་ལས་གླིང་དུ་སྤོས་ནས་ཚད་ལྡན་ངང་བཙོག་འབུད་བྱ་རྒྱུ། ཆུ་ལམ་བཅོས་སྒྲིག་བྱ་རྒྱུ་ལ་སོགས་པའི་སེམས་ཐག་བཅད་ཡོད། ལས་དོན་དེ་དག་སྒྲུབ་རིང་འགོག་རྐྱེན་མང་པོ་ཁྱད་དུ་བསད་པས་དམངས་ཀྱི་རེ་སྒུག་དང་མཐུན་པའི་བྱ་ཐབས་དེ་དག་མཐར་གྲུབ་འབྲས་ཐོབ་པ་ཞིག་བྱུང་། ད་ཆ་དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། ཡུན་རིང་མཐོང་རྒྱུ་མེད་པར་གྱུར་པའི་ཉ་ཁྲའང་སླར་ཡང་གཙང་པོར་འཁོར་བ་མ་ཟད། གྲོང་མི་ཚོའི་ངོ་གདོང་ནས་ཀྱང་སླར་ཡང་འཛུམ་མདངས་འཕྱུར་བཞིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།