འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“སུན་ཝུའུ་ཁུང”ཤར་ཕྱོགས་སུ་བསྐྱོད་པའི་རྣམ་ཐར།

    —— མར་ཐའི་གཞོན་ནུ་ཞིག་དང་ཀྲུང་གོའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ལོ་6གི་གོང་དུ་ལོ་18ལ་སླེབས་པའི་པར་ཏ་ཅི་ནུའོ་ཡིས་ཡུལ་སྐོར་སློབ་གླིང་དུ་ལོ་གཉིས་རིང་མ་བྱན་གྱི་ཆེད་ལས་སློབ་སྦྱོང་ལེགས་སྒྲུབ་བྱས་རྗེས། ཁོང་ལ་མུ་མཐུད་ཟབ་སྦྱོང་བྱེད་པའམ་ཡང་ན་ལས་ཀར་ཞུགས་པའི་གདམ་ག་ཞིག་འཕྲད། སྐབས་དེར་ཁོང་གིས་མར་ཐར་དབྱིན་ཡིག་སློབ་སྦྱོང་བྱེད་བཞིན་པའི་ཤིན་ཅང་གི་བུ་མོ་ཞིག་ངོ་ཤེས། བུ་མོ་དེའི་གདན་ཞུས་ལྟར་ཁོང་གིས་བུ་མོ་དེས་ཤིན་ཅང་དུ་བཙུགས་པའི་ཟ་ཁང་དུ་ལས་ཀར་བསྐྱོད་རྒྱུའི་ཐག་བཅད། འོན་ཀྱང་དུས་དེ་ནས་བཟུང་ཤིན་ཅང་དང་བརྩེ་བ་ཟབ་མོ་ཞིག་ཆགས་ཡོང་བསམ་པ་ཁོང་གི་བསམ་བློར་ཡང་འཁོར་མེད།
        2011ལོའི་ཟླ་11པར་ཝུའུ་ལུའུ་མུའུ་ཆི་འཛུགས་སྐྲུན་ལམ་དུ་གནས་པའི་མར་ཐའི“དྲི་ཞིམ”ཟ་ཁང་དེར་པར་ཏ་ཅི་ནུའོ་ཡིས་ཀྲུང་གོའི་འཚོ་བ་སྐྱེལ་འགོ་བཙུགས། གཟའ་འཁོར་གཅིག་སོང་རྗེས་ཁོང་ལ་བསྟན་བཤིག་ཚ་བ་དང་། སྙིང་རུས་ཆེ་བ། ཧུར་བརྩོན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་རྐྱེན། ལས་རོགས་ཚོས་ཁོང་ལ“སུན་ཝུའུ་ཁུང”ཞེས་པའི་རྒྱ་ཡིག་གི་མིང་ཞིག་བཏགས་པ་རེད།
        ལོ་ཕྱེད་སོང་རྗེས་ཁོང་སྡོད་ཚུགས་མེད་པའི“སུན་ཝུའུ་ཁུང”དང་འདྲ་བར་གཅིག་པུར་བསྐྱོད་པས། ཟ་ཁང་མང་པོ་ཞིག་གི་ཡོ་རོབ་ཀྱི་ཚལ་གཙོ་བོར་བྱེད་པ་དང་ས་དབུས་རྒྱ་མཚོའི་ཞིམ་ཟས་ཟ་ཁང་གི་བློ་འདྲི་བར་གྱུར་ནས་ཁོང་ཚོར་ཚལ་ཐོ་ཇུས་འགོད་བྱེད་པ་དང་། ལས་མི་གསོ་སྦྱོང་བྱེད་པ། ཁྲོམ་ར་ཁྱབ་གདལ་གཏོང་བ་བཅས་བྱེད་ཀྱི་ཡོད་པ་རེད།
        ཟ་ཁང་གི་བློ་འདྲི་བ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ལས་བྲེལ་ཆེ་ལ་དཀའ་ལས་ཁག་པོ་ཡོད་ནའང་ཁོང་གིས་ཀྲུང་གོར་གྲོགས་པོ་མང་པོ་ཞིག་སྒྲིག་པས་ཀྲུང་གོ་དང་ཀྲུང་གོའི་ཤིན་ཅང་ལ་དེ་བས་ཤེས་རྟོགས་ཟབ་མོ་ཐུབ་པ་པ་མ་ཟད། རྒྱ་ཡིག་ཀྱང་སློབ་སྦྱོང་བྱེད་འགོ་ཚུགས།
        ལོ་གཅིག་ལྷག་ཙམ་སོང་རྗེས་པར་ཏ་ཅི་ནུའོ་ཡིས་ལས་ཀ་བྱེད་མཚམས་བཞག་ནས་ཤིན་ཅང་དང་། ཡུན་ནན། ཀོང་ཤིས་སོགས་སུ་ཡུལ་སྐོར་ལ་བསྐྱོད་པ་དང་། ཡུན་ནན་དུ་ཁོང་དང་མི་གཞན་མཉམ་དུ་ཏ་ལི་གནའ་གྲོང་དུ་སྒོ་ར་ཞིག་བོགས་མར་བླངས་ནས་ཁྱད་ཆོས་ལྡན་པའི་ཨར་ཁང་ཞིག་བཙུགས།
        ཏ་ལིའི་འཚོ་བ་ནི་ལྷོད་ལྷོད་དང་སྐྱིད་སྣང་ལྡན་པ་ཞིག་ཡོད་ཀྱང་ཁོང་ནི་སྔར་བཞིན་སྡོད་ཚུགས་མེད་པའི“སུན་ཝུའུ་ཁུང”དང་གཉིས་སུ་མ་མཆིས།
         ལོ་གཅིག་གི་རྗེས་སུ་ཁོང་གིས་ཨར་ཁང་ནང་བཤུག་བཏང་ནས་རྒྱུས་མངའ་ཆེ་ལ་ཧ་ཅང་དགའ་པོ་ཡོད་པའི་ཤིན་ཅང་དུ་སླར་ཡང་ཕྱིར་ལོག་བྱས། དེ་དུས་རྒྱལ་སྤྱིའི་དབྱིན་ཇིའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡོད་པའི་པར་ཏ་ཅི་ནུའོ་སླར་ཡང་དབྱིན་ཇིའི་དགེ་རྒན་དང་ཕྱི་སྦྱོང་སློབ་མའི་བློ་འདྲི་བར་གྱུར་ནས་ཁོང་གིས་སློབ་གྲྭ་4རུ་དབྱིན་ཇིའི་དགེ་རྒན་བྱས་ཏེ་ཕྱི་སྦྱོང་སློབ་མར་བློ་འདྲི་དང་འབྲེལ་ཡོད་ཞབས་འདེགས་ཞུས་པ་རེད།
         ལས་ཀའི་དགོས་མཁོའི་དབང་གིས་པར་ཏ་ཅི་ནུའོ་དེ་སྔ་ཨུ་རུ་སུ་དང་ཐུར་ཁེ་སོགས་རྒྱལ་ཁབ་མང་པོར་དུས་ཐུང་སྡོད་མྱོང་ཡོད་པ་དང་རང་ཉིད་ཀྱི་ཕ་ཡུལ་མར་ཐ་ཕུད་ཁོང་གིས་ཀྲུང་གོའི་ཤིན་ཅང་ལ་སྡོད་རྒྱུར་དེ་བས་དགའ་པོ་བྱེད་ཀྱི་ཡོད། ཤིན་ཅང་དུ་སྡོད་རིང་ཁོང་དང་ཧ་སག་རིགས་ཀྱི་ཕོ་གཞོན་གཅིག་དང་རྒྱ་རིགས་ཕོ་གཞོན་གཉིས་གྲོགས་པོ་ཡག་ཤོས་སུ་གྱུར་ཡོད།
        ཁོང་གིས“ང་ཚོ་མཉམ་དུ་ས་གནས་མང་པོར་སྐྱོད་དེ་དོན་སྙིང་ལྡན་པའི་གནད་དོན་མང་པོ་ཉམས་སུ་མྱོང་བ་ཡིན། ང་རང་ལ་ནད་གཞི་ཕོག་སྐབས་ཁོང་ཚོས་ནང་མི་ལྟར་སེམས་ཁུར་ལྷག་མེད་བྱས་བྱུང་། མི་མང་པོ་ཞིག་གིས་ང་ཤིན་ཅང་དུ་ཡོད་པ་ཤེས་སྐབས་བདེ་འཇགས་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག དོན་དངོས་ཐོག་ཤིན་ཅང་དུ་བདེ་འཇགས་ཡག་པོ་ཡོད་པ་མ་ཟད། མི་རྣམས་ཀྱང་མཛའ་བརྩེ་ལྡན་པ་ཤ་སྟག་རེད”ཅེས་བཤད།
         “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་རྗེས་ཁོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་ཡོད་པ་ཤེས་རྟོགས་བྱུང་ཡོད། པར་ཏ་ཅི་ནུའོ་ཡིས“ཀྲུང་གོའི་ཤར་རྒྱུད་དུ་རྒྱུ་ནོར་མང་པོ་ཡོད་མོད། འོན་ཀྱང་འགྲན་རྩོད་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། ནུབ་རྒྱུད་ས་ཁུལ་དུ་གོ་སྐབས་ཧ་ཅང་མང་པོ་ཡོད་པ་མ་ཟད། ལྷག་པར་དུ་ཤིན་ཅང་ནི‘རྒྱུད་གཅིག་ལམ་གཅིག’གི་སྒོ་མོ་ཡིན་པས་ས་བབ་ཧ་ཅང་གལ་ཆེན་པོ་ཡོད་ལ་གོ་སྐབས་ཀྱང་ཧ་ཅང་མང་པོ་ཡོད་པའི”ངོས་འཛིན་བྱས།
        2016ལོའི་ཟླ་10པར་མེས་རྒྱལ་དུ་ཕྱིར་ལོག་བྱས་པའི་པར་ཏ་ཅི་ནུའོ་ཡིས་མར་ཐའི་སློབ་ཆེན་དུ་མིའི་རིགས་ཀྱི་རིག་པ་དང་རྒྱ་ཡིག་སློབ་སྦྱོང་བྱེད་ཞོར་དུ་མར་ཐའི་ཚོང་ལས་མཉམ་ལས་དང་འབྲེལ་བ་ཡོད་པའི་མ་འཇོག་གི་བློ་འདྲིའི་ལས་ཀའང་བྱས་པ་རེད།
        “མར་ཐའི་དམིགས་བསལ་གྱི་ས་གཤིས་གནས་བབ་ལས་རང་ཉིད་ཀྱིས་ཤར་ནུབ་རྒྱུད་ཀྱི་ལེགས་ཆ་མང་པོ་བླངས་ནས་རང་ཉིད་ཀྱི་ཤེས་བྱ་དང་ཉམས་མྱོང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ནུས་ཤུགས་འདོན་ཐུབ་རེ་བྱེད་ཀྱི་ཡོད” ཤིན་ཅང་དུ་ལོ་ལྔ་འཚོ་བ་བསྐྱལ་ནས་བསྡད་པ་མ་ཟད། རྒྱལ་ཁབ་མང་པོར་སྐྱོད་མྱོང་བས་འབྱུང་འགྱུར་ཐད་པར་ཏ་ཅི་ནུའོ་ལ་བསམ་གཞིག་བྱེད་ས་མང་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།