འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།《ཧོ་པེའི་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་རྩ་གནད་》ལ་མཆན་བཀོད་བཀའ་
    ལན་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཧོ་པེའི་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་རྩ་གནད་》ལ་མཆན་བཀོད་བཀའ་ལན་གནང་བ་རེད།
          མཆན་བཀོད་བཀའ་ལན་ནང་བསྟན་དོན། 《ཧོ་པེའི་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་རྩ་གནད་》(གཤམ་དུ་《ཞུང་ཨན་གྱི་འཆར་འགོད་རྩ་གནད་》ཅེས་བསྡུ་རྒྱུ)ལ་མོས་མཐུན་ཡོད། 《ཞུང་ཨན་གྱི་འཆར་འགོད་རྩ་གནད་》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ། དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་དང་། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་དང་གཅིག་སྡུད་ཐེག་ནུས་ཁུལ་བསྐྲུན་རྒྱུར་དམིགས་པ། “ཞུང་ཨན་གྱི་སྤུས་ཚད”གཏོད་པ་དང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྒྱལ་ཡོངས་ཀྱི་མིག་དཔེར་འགྱུར་བ་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་སྒུལ་ཤུགས་གསར་པ་སྐྲུན་པ། འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། ངེས་གནས་མཐོ་པོ་བཅས་མཐའ་འཁྱོངས། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། མི་དམངས་ལྟེ་བར་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དར་སྤེལ་དང་ལོ་རྒྱུས་ཀྱི་ཆུ་རྒྱུན་རྒྱུན་མཐུད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་པ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུང་ཨན་ཁུལ་གསར་གྱི་འཐབ་ཇུས་ངེས་གནས་དང་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་ཡོད་ལ། ཞུང་ཨན་ཁུལ་གསར་འགོ་འཛུགས་ས་མཐོ་པོའི་སྒོ་ནས་འཆར་འགོད་དང་ཚད་གཞི་མཐོ་པོའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ཡང་ལྡན་ཡོད།
         མཆན་བཀོད་བཀའ་ལན་ནང་ནན་བཤད་གནང་དོན། ཧོ་པེའི་ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་བཙུགས་རྗེས་ཀྱི་རྒྱལ་ཡོངས་ཀྱི་དོན་སྙིང་ལྡན་པའི་ཁུལ་གསར་ཞིག ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་བཅས་ཡིན།
         ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་གྱི་བར་མཐོངས་བཀོད་པ་བསྐྲུན་དགོས། ཞུང་ཨན་ཁུལ་གསར་དུ་ཚོགས་སྒྲིག་རྣམ་པའི་འཕེལ་རྒྱས་ལག་བསྟར་བྱས་ཏེ་རུང་ཁྲེང་དང་ཨན་ཤིན་རྫོང་གཉིས་ཀྱི་ས་འབྲེལ་ཁུལ་དེ་འགོ་འཛུགས་སར་བརྩིས་ནས་སྔོན་ལ་གསར་སྤེལ་བྱེད་པ་དང་ཆབས་ཅིག་ཁྱབ་ཁོངས་ངེས་ཅན་ཞིག་འབྱེད་ནས་ལག་བསྟར་ཁུལ་འཆར་འགོད་འཛུགས་སྐྲུན་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་རྗེས་དུས་འབྲིང་འཕེལ་རྒྱས་ཁུལ་བསྐྲུན་རྒྱུར་གོ་རིམ་ལྡན་པ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ་དང་འབྲེལ། དུས་རིང་གི་ཚོད་འཛིན་ཁུལ་འབྱེད་ནས་འབྱུང་འགྱུར་འཕེལ་རྒྱས་ལ་བར་མཐོངས་འཇོག་དགོས།
         གྲོང་ཁྱེར་གྱི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དེ་འགྱུར་མེད་ཀྱི་གཅུན་སྡོམ་ཆ་རྐྱེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞུང་ཨན་ཁུལ་གསར་གྱི་གསར་སྤེལ་གནས་དང་། མི་འབོར་གཞི་ཁྱོན། ས་སྤྱོད་གཞི་ཁྱོན། གསར་སྤེལ་བྱེད་ཤུགས་བཅས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས།
         པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་གོ་རིམ་ལྡན་པའི་ངང་ཁུར་ལེན་བྱེད་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་དང་གཅིག་སྡུད་ཐུབ་པའི་ཁུལ་ཡིན་པའི་ཞུང་ཨན་ཁུལ་གསར་གྱིས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ནུས་པ་དང་མི་འབོར་གཞན་སྒྱུར་གཙོ་གནད་ཐོག་ཁུར་ལེན་བྱེད་དགོས།
        གྲོང་ཁྱེར་རིག་ནུས་ཅན་དོ་དམ་མངོན་འགྱུར་བྱེད་དགོས། གྲངས་འཛིན་གྲོང་ཁྱེར་དང་དངོས་ཡོད་གྲོང་ཁྱེར་མཉམ་དུ་འཆར་འགོད་དང་མཉམ་དུ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་ནུས་ལྡན་པའི་རྨང་གཞིའི་སྒྲིག་བཀོད་དེ་ཚད་ལས་བརྒལ་བའི་ངང་བཀོད་ཇུས་བྱས་ནས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པའི་གྲངས་འཛིན་གྲོང་ཁྱེར་གཏོད་དགོས།
         སྤུས་ལེགས་ལྗང་མདོག་གི་སྣོད་བཅུད་ཁོར་ཡུག་གཏོད་དགོས། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཏེ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱས་ནས་སྣོད་བཅུད་འདམ་ར་གྲོང་ཁྱེར་གྱི་བར་མཐོངས་ནང་ཁྱབ་པ་བྱེད་དགོས།
         གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས། འཛམ་གླིང་ཚན་རྩལ་གྱི་འཐབ་ས་མདུན་མར་དམིགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་ཕྱོགས་ནས་དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཐོན་ལས་མ་ལག་བསྐྲུན་དགོས།
         སྡོད་མལ་ལ་འཚམ་པ་དང་ལས་གཉེར་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་བསྐྲུན་དགོས། ཞུང་ཨན་ཁུལ་གསར་ནུས་པའི་ངེས་གནས་དང་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་། ཁྲོམ་གཞུང་གཙོ་བོ། ས་སྦྲེལ་ལྟེ་གནས་བཅས་སུ་རིམ་པ་དབྱེ་བ་ལྟར་རིམ་པ་མི་འདྲ་བའི་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། མི་གཤིས་ཅན་བཅས་ཀྱི་རྩ་བའི་སྤྱི་པའི་ཞབས་ཞུའི་དྲ་བ་ཆགས་པ་བྱེད་དགོས།
         སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་བསྐྲུན་དགོས། རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་རིང་གི་ཉམས་མྱོང་དང་གྲུབ་འབྲས་ཕྱོགས་སྡོམ་བསྡུ་ལེན་བྱས་ཏེ་སྔར་བས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས་དུས་རབས་གསར་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས།
        དུས་རབས་གསར་པའི་གྲོང་ཁྱེར་གྱི་ཁྱད་ཆོས་རྣམ་པ་གཏོད་དགོས། རང་བྱུང་ཁམས་ལ་བསྟུན་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་དང་ནུབ་ཕྱོགས་རྣམ་པ་མཉམ་འདྲེས་དང་། ཀྲུང་གོའི་ཁྱད་ཆོས་གཙོ་བཟུང་། གནའ་དེང་མཉམ་འདྲེས་བཅས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭའི་ཉམས་འགྱུར་ལྡན་པ་དང་། ཡུལ་ལྗོངས་མཛེས་པ། དར་སྲོལ་གསར་གཏོད་བཅས་ཀྱི་གྲོང་ཁྱེར་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
         གྲོང་ཁྱེར་བདེ་འཇགས་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་བདེ་འཇགས་ལྡན་པ་དང་། གནོད་འཚེ་སྔོན་འགོག སྤྱི་པའི་བདེ་འཇགས། ཕྱོགས་བསྡུས་འཕྲལ་སྡོམ་སོགས་ཀྱི་མ་ལག་བསྐྲུན་རྒྱུ་གཙོ་བོར་བྱས་ཏེ་གྲོང་ཁྱེར་བདེ་འཇགས་དང་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་མ་ལག་བསྐྲུན་ནས་གནོད་འཚེ་སྔོན་འགོག་གི་ཕྱོགས་བསྡུས་ཆུ་ཚད་མཐོ་རུ་གཏོང་དགོས།
         ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱི་འདོམས་བྱེད་དགོས། ཞུང་ཨན་ཁུལ་གསར་གྱིས་པེ་ཅིང་དང་། ཐེན་ཅིན། ཧྲེ་ཅ་ཀྲོང་། པའོ་ཏིང་སོགས་གྲོང་ཁྱེར་དང་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་པེ་ཅིང་གི་ལྟེ་བའི་གྲོང་ཁུལ་དང་པེ་ཅིང་གྲོང་ཁྱེར་གྱི་ཞོར་གཏོགས་ལྟེ་གནས་དབར་ལུགས་མཐུན་ལས་བགོས་བྱས་ཏེ་ཐབས་སྒྱུར་གོང་འཕེལ་མངོན་འགྱུར་བྱེད་དགོས།
         འཆར་འགོད་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ལོ་རྒྱུས་ལ་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལུགས་མཐུན་ངང་གསར་སྤེལ་གྱི་གོམ་སྟབས་སྟངས་འཛིན་བྱས་ཏེ་ལས་དོན་ཏན་ཏིག་སྤེལ་དགོས་པ་དང་འབྲེལ་ལས་དོན་ཁག་རེ་རེ་བྱས་ནས་བསྒྲུབས་པ་དང་འཆར་གཞི་ཁག་རེ་རེ་བྱས་ནས་མཐའ་གཅིག་ཏུ་བསྒྲུབས་ཏེ་གཟེར་འདེབས་སྙིང་སྟོབས་ཐོག་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས།
        《ཞུང་ཨན་གྱི་འཆར་འགོད་རྩ་གནད》ལག་བསྟར་བྱེད་སྐབས་འཕྲད་པའི་དོན་ཆེན་ཚང་མ་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།