འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྙིགས་རོ་མཁྲེགས་པོ་ཁྲིམས་འགལ་ངང་སྤུངས་པ་དང་གཤོ་བའི་བྱེད་སྤྱོད་ལ་
    ཆེད་དོན་བཅོས་སྒྲིག་ནན་པོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། སྣོད་བཅུད་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས་ཉེ་ཆར་སྨྱན་སྦྱོར་ཐོག་དམར་རྗེན་དུ་བཏོན་པའི་ཨན་ཧུའེ་ཞིང་ཆེན་ཁྲེ་ཀྲོའུ་གྲོང་ཁྱེར་ཀུའེ་ཁྲེ་ཆུས་ཆན་ཅང་བཟོ་ལས་ཁུལ་དུ་སྙིགས་རོ་མཁྲེགས་པོ་ཁྲིམས་འགལ་ངང་སྤུངས་པའི་གནད་དོན་ལ་དམིགས་ཏེ། ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་ལ་མངགས་ནས་སྦགས་བཙོག་སྔོན་འགོག་ཚོད་འཛིན་དང་གྱོད་དོན་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་སྤེལ་བ་དང་། མི་རིང་བར་ཁོར་ཡུག་སྲུང་སྐྱོང་པུས་འབྲི་ཆུའི་དཔལ་འབྱོར་ཁུལ་ལ་དམིགས་ནས་སྙིགས་རོ་མཁྲེགས་པོ་ཁྲིམས་འགལ་ངང་སྤུངས་པ་དང་གཤོ་རྒྱུར་མཐའ་གཅིག་ཏུ་འགོག་པའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་རྒྱུ་རེད་ཅེས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་ཁུལ་དེར་ཁྲིམས་འགལ་ངང་སྤུངས་པའི་ལྕགས་གཏེར་སྙིགས་རོ་དང་། ས་རོ་རྡོ་རོ་སོགས་ཁྱོན་ཏུན་ཁྲི་6ཙམ་ཡོད་པའི་ནང་། ཁྲེ་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་བཟོས་པའི་སྙིགས་རོ་ཏུན་ཁྲི་4ཙམ་དང་། ཕྱི་ནས་དབོར་བ་ཏུན་ཁྲི་2ཙམ་ཡོད་པ་རེད།
        ཨན་ཧུའེ་ཞིང་ཆེན་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་གཙང་སེལ་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ། ཁོར་ཡུག་ལ་ལྟ་སྐུལ་ཚད་ལེན་བྱས་ནས་སྙིགས་རོ་སྤུངས་སའི་འགྲམ་གྱི་འབྲི་ཆུའི་ཆུ་གཞུང་གི་ཆུའི་སྤུས་ཚད་ལ་བརྟག་དཔྱད་བྱས་པའི་འབྲས་བུ་ལས་ཆུའི་སྤུས་ཚད་རྒྱུན་གཏན་ཡིན་པ་དང་། སྙིགས་རོ་མཁྲེགས་པོ་སྤུངས་སའི་ས་དོང་ནང་གི་འཁྱིལ་ཆུ་སྐྱུར་ལྡན་དང་ནིག་རྫས་འདུས་ཚད་ལྡབ་0.47ཡིས་མཐོ་བ་ཡོད་པ་རེད། དེ་དང་དུས་མཚུངས་སྙིགས་རོ་གཙང་སེལ་དང་བཀོད་སྒྲིག་གི་ལས་དོན་སྤེལ་འགོ་ཚུགས་ནས་སྦགས་བཙོག་མཆེད་རྒྱུ་སྔོན་འགོག་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་སྤུངས་པའི་སྙིགས་རོ་མཁྲེགས་པོ་དག་ཨར་འདམ་བཟོ་གྲྭར་དབོར་ནས་གཙང་མ་བཟོས་པ་དང་། ས་གནས་ཀྱིས་དོན་དེར་མྱུར་ཞིབ་བརྟག་དཔྱད་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག འབྲེལ་ཡོད་ཀྱི་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད།
         བདའ་འདེད་ནན་པོ་གཏོང་རྒྱུའི་ཐད། ཁྲེ་ཀྲོའུ་གྲོང་ཨུད་ཀྱིས་ཀུའེ་ཁྲེ་ཆུས་ཆུས་ཨུད་དང་ཆུས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་གཙང་སྒྲུབ་ཐད་བརྟག་དཔྱད་བྱས་ཏེ། ཆན་ཅང་བཟོ་ལས་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཀུའེ་ཁྲེ་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཆན་ཅང་ཡན་ལག་ཅུས་ཀྱི་ཅུས་ཀྲང་བཅས་གནས་དབྱུང་བཏང་བ་མ་ཟད། འབྲེལ་ཡོད་འགན་འཁུར་བ་གཞན་ལ་བརྟག་དཔྱད་བྱས་ནས་འགན་འཁྲི་རྩད་གཅོད་བྱེད་བཞིན་ཡོད་པ་རེད།
         སྣོད་བཅུད་ཁོར་ཡུག་པུས་ཆེད་དོན་བྱ་སྤྱོད་སྤེལ་ནས་སྙིགས་རོ་མཁྲེགས་པོ་དང་ཉེན་ཡོད་སྙིགས་རོ་ཁྲིམས་འགལ་ངང་གནས་སྤོས་ལ་རྡུང་རྡེག་བཏང་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་11གཙོ་གནད་ས་ཁོངས་སུ་བརྩིས་ནས་འབྲི་ཆུའི་རྒྱུད་དུ་སྙིགས་རོ་མཁྲེགས་པོ་སྤུངས་ཡོད་མེད་གྲལ་བཤེར་གྱིས་སྙིགས་རོ་མཁྲེགས་པོ་བཟོ་མཁན་ཁེ་ལས་དང་དང་གནས་སའི་སྲིད་གཞུང་གི་འགན་འཁྲི་བདའ་འདེད་ནན་པོ་དང་དེ་བཞིན་སྙིགས་རོ་གཙང་སེལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་མ་བཏང་ནས་ཁོར་ཡུག་གི་མི་མངོན་པའི་རྐྱེན་ངན་བསལ་བ་རེད། ཆེད་དོན་བྱ་སྤྱོད་ནང་ཤེས་རྟོགས་བྱུང་བའི་གནད་དོན་འཕྲལ་དུ་གྲོང་ཁྱེར་དང་རྫོང་སྲིད་གཞུང་ལ་དུས་བཀག་ནང་ཐག་གཅོད་བྱེད་རྒྱུ་སྙན་སེང་ཞུས་ནས་གནད་དོན་བཅོས་སྒྲིག་བྱས་ཚུལ་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་བྱེད་པའི“ཕྱིར་མིག་ལྟ་བའི”ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་དང་བཅོས་སྒྲིག་ནུས་ལྡན་མ་བྱུང་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།
         གནད་དོན་དེ་ཐག་གཅོད་བྱེད་པའི་ལམ་ལུགས་འཛུགས་སྐྱོང་ཐད་སྣོད་བཅུད་ཁོར་ཡུག་པུས་འབྱུང་རྩ་ནས་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་བསྐྲུན་ནས། ཁེ་ལས་ལ་ཉེན་ཡོད་སྙིགས་རོའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ཐེར་འདོན་བྱས་ན་བྱ་དགའ་སྤྲོད་པའི་ལམ་ལུགས་བཟོས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལྟ་སྐུལ་ནང་ཞུགས་རྒྱུར་སྐོང་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།