འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་ཟིན་ཐོར་བཀོད་དེ་དངོས་ཡོད་སོར་ཆུད་བྱེད་པ། 

    —— མར་ཁེ་སིའི་ཕ་ཡུལ་དུ་མར་ཁེ་སི་འཁྲུངས་ནས་ལོ་ངོ་200འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1818ལོའི་ཟླ་5ཚེས་5ཉིན་རླབས་ཆེན་གྱི་བསམ་བློ་མཁས་ཅན་ཁའར·མར་ཁེ་སི་འཇར་མན་གྱི་གྲོང་ཁྱེར་ཆུང་གྲས་ཤིག་གི་ཐོག་སོ་གསུམ་ལྡན་གྱི་སྡོད་ཁང་ཞིག་ནང་འཁྲུངས། མིག་སྔར་ཁོང་གི་བཞུགས་གནས་རྙིང་པ་དེ་སྒོ་བརྒྱབ་ནས་ཉམས་གསོ་བྱེད་བཞིན་ཡོད་ཅིང་། ཟླ་5ཚེས་5ཉིན་མར་ཁེ་སི་འཁྲུངས་ནས་ལོ་ངོ་200འཁོར་བའི་དྲན་གསོའི་ཉིན་མོར་བསྐྱར་དུ་སྒོ་མོ་ཕྱེ་རྩིས་ཡོད་པ་རེད།
        མར་ཁེ་སིའི་བཞུགས་གནས་རྙིང་པ་དང་བར་ཐག་དེ་ཙམ་རིང་པོ་མེད་པའི་ཐོག་ཁང་ཞིག་ནང་འཇར་མན་གྱི་ལོ་རྒྱུས་རིག་པའི་མཁས་དབང་ལེ་ན·ཨའོ་ཚེས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་འདུག ཁོང་གི་གཞུང་ལས་ཁང་གི་ཕྱོགས་གང་ས་ནས“མར་ཁེ་སིའི་1818ལོ་ནས་1883ལོ་བར་གྱི་སྐུ་ཚེ་ཧྲིལ་པོ་དང་། གསུང་རྩོམ། དུས་རབས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་དྲིལ་བསྒྲགས་དཔྱད་གཞི་མཐོང་རྒྱུ་ཡོད་ལ་གཞུང་ལས་སྒྲོག་ཙེའི་མདུན་དུ་མར་ཁེ་སིའི་འཇིམ་བརྙན་དམར་པོ་ཞིག་བསྒྲིགས་ཡོད།
        ཨའོ་ཚེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“འདི་ལོ་མར་ཁེ་སི་འཁྲུངས་ནས་ལོ་ངོ་200ཏག་ཏག་འཁོར་བའི་ལོ་ཞིག་ཡིན་པ་དང་དེ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་བསམ་བློ་མཁས་ཅན་དེར་རྒྱུས་མངའ་གཏིང་ཟབ་ལོན་པའི་གོ་སྐབས་གལ་ཆེན་ཞིག་རེད”ཅེས་བཤད། མར་ཁེ་སིའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཀུང་སིའི་འགན་འཁུར་བ་ཨའོ་ཚེས་ཁོང་གི་ལས་རོགས་དང་མཉམ་དུ་འགྲེམས་སྟོན་དང་དེ་བཞིན་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
        ཨའོ་ཚེས་ངོ་སྤྲོད་བྱས་པར་གཞིགས་ན། ལའེ་ཧྥ་ཀྲོའུ་དང་ཐེ་ལེ་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་མར་ཁེ་སིའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེའང་ཟླ་5ཚེས་5ཉིན་རྟེན་རྫས་བཤམས་མཛོད་ཁང་གཉིས་ལ་དུས་མཉམ་དུ་འགོ་འཛུགས་རྒྱུ་ཡིན་པ་དང་དུས་ཡུན་ཟླ་བ་ལྔ་དང་ཟླ་ཕྱེད་རིང་རྒྱུན་མཐུད་ནས་གཉེར་རྒྱུ་རེད། དེའི་ནང་ཐེ་ལེར་ལའེ་དབྱིན་ཆུ་བོ་རྒྱུག་ཁུལ་དུ་ཀྲོའུ་ཡིས་བཙུགས་པའི་རྟེན་རྫས་བཤམས་མཛོད་ཁང་གིས“སྐུ་ཚེ་ཧྲིལ་པོ་དང་། གསུང་རྩོམ། དུས་རབས”བཅས་བརྗོད་དོན་གཙོ་བོར་བྱས་ནས་མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་དང་དེ་བཞིན་ཁོང་འཚོ་བ་སྐྱེལ་སྐབས་ཀྱི་དུས་རབས་འགྲེམས་སྟོན་བྱས་ནས་ཁོང་གི་རིག་གཞུང་དང་ཆབ་སྲིད་ཀྱི་ལོ་རྒྱུས་བསྐྱར་དུ་མངོན་པ་བྱ་རྒྱུ་དང་། ཐེ་ལེར་གྲོང་ཁྱེར་གྱིས་བཙུགས་པའི་ཤིས་མའེ་ཨུ་རྟེན་རྫས་བཤམས་མཛོད་ཁང་གིས“མི་ཚེའི་ཤུལ་ལམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་མར་ཁེ་སི་དང་ཁོང་གི་ཁྱིམ་མི་དང་གྲོགས་པོ་འཇར་མན་དང་ས་མཚམས་ཕྱི་རོལ་དུ་འཚོ་བ་སྐྱེལ་སྐབས་ཀྱི་དུས་སྐབས་མི་འདྲ་བའི་ལོ་རྒྱུས་འགྲེམས་སྟོན་བྱ་རྒྱུ་རེད།
         ཨའོ་ཚེས་གསར་འགོད་པར“དེ་ནི་འཇར་མན་གྱིས་ས་གནས་དེ་གར་མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་དང་དེ་བཞིན་ཁོང་གི་གསུང་རྩོམ་སྐོར་གྱི་གཞི་ཁྱོན་ཆེ་བའི་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད”ཅེས་བཤད་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་1700ཡོད་པའི་འགྲེམས་ཁང་ནང་ལྟ་སྐོར་བས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་ནས་ཡོང་བའི་ཉར་ཚགས་མཁན་བརྒྱ་ལྷག་ཙམ་གྱི་འགྲེམས་རྫས་400ལྷག་ཙམ་མཐོང་རྒྱུ་རེད།
         ལོ་ངོ་170ཡི་གོང་དུ་གུང་ཁྲན་རིང་ལུགས་ལས་འགུལ་གྱི་སྔོན་བྱོན་པ་མར་ཁེ་སི་དང་ཨེན་ཀེ་སིས་མཉམ་ལས་གནང་བའི་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཞེས་པས་ཚན་རིག་གི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་ཐེངས་དང་པོ་གནང་བ་དེ་མེད་དུ་མི་རུང་བའི་འགྲེམས་རྫས་ཤིག་རེད། ཨའོ་ཚེས“འགྲེམས་སྟོན་ཇུས་འགོད་བྱེད་རིང་ང་ཚོས་འཛམ་གླིང་ཡོངས་ནས་པར་གཞི་250ཙམ་གྱི་《གུང་ཁྲན་ཏང་གི་བསྒྲགས་གཏམ་》འཚོལ་བསྡུ་བྱས་པའི་ནང་སྦར་མཐིལ་གྱི་ཆེ་ཆུང་ཙམ་ལས་མེད་པའི་དཔར་གཞི་ཆུང་གྲས་ཀྱང་ཚུད་ཡོད”ཅེས་བཤད།
         “དཔར་གཞི་མི་འདྲ་བ་250དེ་དག་རྒྱ་ཁྱབ་ངང་དར་བ་དེས་འཛམ་གླིང་ཡོངས་ཀྱི་མར་ཁེ་སིའི་རིགས་པའི་གཞུང་ལུགས་དང་དཔྱད་གླིང་གི་ཤུགས་རྐྱེན་ཐེབས་ཤུགས་ཐད་ཀར་མཚོན་ཡོད”ཨའོ་ཚེའི་ངོས་ནས་བརྗོད་ན་མི་ཚོས་མར་ཁེ་སིར་ཐོག་མཐའ་བར་གསུམ་དུ་དགའ་གུས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་འཇར་མན་དང་ཐ་ན་ཡོ་རོབ་སྤྱི་ཚོགས་སུ་དགའ་གུས་དེ་སླར་ཡང་འཕེལ་བ་དང་ལྷག་པར་དུ་2008ལོར་ཐོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་བསམ་གཞིག་བྱེད་པའི་ཁྲོད་མར་ཁེ་སིའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བར་གྲོས་བསྡུར་བྱེད་པའི་གནས་ཚུལ་མངོན་གསལ་དོད་པོས་མང་དུ་སོང་ཡོད།
         ཨའོ་ཚེས་དུས་རབས་19པ་དང་དུས་རབས་20པའི་མིའི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་མིག་སྔར་མིའི་རིགས་ཀྱི་སྤྱི་ཚོགས་བཟོ་ལས་གསར་བརྗེ་བྱེད་ཐེངས་བཞི་པར་སླེབས་ཡོད་པ་དང་མར་ཁེ་སིའི་དུས་རབས་དང་གཅིག་པ་མ་ཡིན། དེས་ན་མར་ཁེ་སིའི་སྤྱི་ཚོགས་དྲང་གཞག་གི་རེ་བ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཀྱི་འགལ་ཟླ་བཅས་ཀྱི་ཐད་ཀྱི་དབྱེ་ཞིབ་དང་། ཞིབ་གླེང་། སྐྱོན་བརྗོད། རྒྱུས་མངའ་ལོན་པ་སོགས་ནི་དཔྱད་གཞིར་འཛིན་རིན་ཡོད་པ་དང་དོན་དམ་པའི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད།
         ཨའོ་ཚེས་འཇར་མན་གྱི་གཞོན་རབས་པའི་ངོས་ནས་དུས་རབས་19པའི་གྲགས་ཅན་གྱི་བསམ་བློ་མཁས་ཅན་དང་མཚན་ཉིད་རིག་པ་མཁས་ཅན་དེར་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ན་དོན་སྙིང་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་ནི་མར་ཁེ་སིའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དེས་དུས་རབས་20དང་ཐ་ན་དུས་རབས་21པའི་འཛམ་གླིང་དུ་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཐེབས་བཞིན་ཡོད་པས་ཡིན་ཞེས་དམིགས་སུ་བཀར་ནས་བཤད་ཡོད།
         ཉིན་ཤས་གོང་མར་ཁེ་སིའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཀུང་སི་དང་ལའེ་ཧྥ་ཀྲོའུ་སློབ་གསོ་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པའི་《ཁའར·མར་ཁེ་སིའི་ལོ་ངོ་200》ཞེས་འགོ་བརྗོད་དུ་འཁོད་པའི་དགེ་རྒན་གྱི་ཟུར་ཁྲིད་དེབ་ཀྱིས་འཇར་མན་གྱི་སློབ་འབྲིང་དགེ་རྒན་གྱིས་སློབ་ཚན་ཐོག་དེ་བས་ཆ་ཚང་བ་དང་གསོན་ཉམས་དོད་པའི་སྒོ་ནས་མར་ཁེ་སི་ངོ་སྤྲོད་བྱ་རྒྱུར་ཕན་པ་ཐོབ་ཡོད། ཤོག་ལྷེ་200ལྷག་ཙམ་ཡོད་པའི་དགེ་རྒན་གྱི་ཟུར་ཁྲིད་དེབ་དེའང་ས་གནས་དེ་གར་ཐོག་མར་དར་སྤེལ་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དགེ་རྒན་གྱི་ཟུར་ཁྲིད་དེབ་2500ཙམ་ཀྲོའུ་དེའི་ནང་གི་སློབ་འབྲིང་དུ་བགོ་བཤའ་བརྒྱབ་པ་དེས་ས་གནས་དེ་གའི་སློབ་འབྲིང་གི་ལོ་རྒྱུས་སློབ་ཚན་ནང་མར་ཁེ་སི་དང་འབྲེལ་བ་ཡོད་པའི་སློབ་ཁྲིད་དུས་ཚོད་ཁ་གསབ་བྱེད་རེ་ཡོད་པ་རེད།
         ཨའོ་ཚེས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཡིན་ཡང་རུང་ཡང་ན་དགེ་རྒན་གྱི་ཟུར་ཁྲིད་དེབ་ཡིན་ནའང་འདྲ་ཚང་མས་དངོས་ཡོད་ཀྱི་མར་ཁེ་སི་སོར་ཆུད་གང་ཐུབ་བྱས་ཏེ་འཛམ་གླིང་ཡོངས་སུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ཚུད་པའི་མར་ཁེ་སི་རིང་ལུགས་ལག་ལེན་དངོས་དང་ཤུགས་རྐྱེན་ཐེབས་ཤུགས་འཚོལ་ཞིབ་དང་གྲོས་བསྡུར་བྱ་རྒྱུའི་ནན་བཤད་བྱས་པ་རེད།
         ཨའོ་ཚེས་གསར་འགོད་པར“བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་རྒྱ་ཡིག་སྒྲ་གདངས་གྲ་སྒྲིག་བྱེད་བཞིན་ཡོད” ལོ་ལྟར་ཀྲུང་གོའི་ཡུལ་སྐོར་བ་ཁྲི་བཞི་ལྔ་ཙམ་མར་ཁེ་སིའི་ཕ་ཡུལ་དུ་ཡོང་ནས་ཁོང་གི་ལོ་རྒྱུས་བཙལ་འཚོལ་བྱེད་ཀྱི་ཡོད་ཅིང“སྔོན་དཔག་བྱས་ན་འདི་ལོ་མི་དེ་བས་མང་བ་སླེབས་རྒྱུ་རེད”ཅེས་བཤད།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཀྲུང་ཧའོ་དང་ཧུའུ་ཞའོ་པིན། 
      

    ཕྱོགས་བསྡུས་གསར་འགྱུར།