འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།"དུས་རབས་ཀྱི་མིག་དཔེ"ཀྲུང་ཡང་གི་སྔོན་ཐོན་བྱས་རྗེས་གར་སྟེགས་ཐོག་འཁྲབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དྭངས་གསལ་དུས་ཚིགས་ལ་འདས་པོར་རྗེས་དྲན་ཞུ་བའི་མཚམས་སུ། 2017ལོར་ལས་ཀའི་དོན་དུ་རང་སྲོག་ཤོར་བའི་གྲགས་ཅན་སྐྱེ་དངོས་རིག་པ་མཁས་ཅན་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་གཟུགས་བརྙན་གཏམ་བརྗོད་ཟློས་གར་གྱི་རྣམ་པའི་ཐོག་ནས་ཁོང་གིས་ཕྱག་ལས་གནང་མྱོང་བའི་སློབ་གྲྭར་བསྟན། ཉིན་ཤས་གོང་ཧྥུའུ་ཏན་སློབ་ཆེན་གྱི་དགེ་སློབ་ཚོས་རང་འཁྲིད་རང་འཁྲབ་ཀྱིས་གསར་དུ་བརྩམས་པའི་གཏམ་བརྗོད་ཟློས་གར་《ས་བོན་གྱི་ཞིང་ཁམས་》ཞེས་པ་དངོས་སུ་ཡོངས་བསྒྲགས་འཁྲབ་སྟོན་བྱས་པ་དང་ཁོང་ཚོས་ཀྲུང་ཡང་གི་མྱོང་བ་ཚོར་བ་བྱས་ནས་དེའི་ཁྲོད་ཀྱི་སེམས་འགུལ་དང་སྟོབས་ཤུགས་རྣམས་དགེ་སློབ་སྔར་བས་མང་བར་སྦྱིན་ཡོད།
        ཀྲུང་ཡང་སྐུ་འཚོ་བཞུགས་སྐབས་དུས་ཡུན་རིང་པོ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་དང་སྲུང་སྐྱོང་གི་ལས་ལ་གཞོལ་བ་དང་ཚོགས་པའི་སྣེ་ཁྲིད་དེ་མཚོ་བོད་ས་མཐོར་སྐྱེ་དངོས་ཀྱི་ས་བོན་སྟོང་ཕྲག་མང་པོ་བཏུས་གནང་ཡོད། ཁོང་གིས་དཀའ་ངལ་ཁྱད་བསད་ཀྱིས་བོད་སྐྱོར་ལོ་16གནང་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་ཀྱི་སྟོང་ཆ་རབ་དང་རིམ་པ་བསྐངས་གནང་ཡོད། ལོ་30ལྷག་ཙམ་སློབ་གསོའི་ལས་ལ་གཞོལ་རིང་གྲངས་ཉུང་མི་རིགས་ཀྱི་ཚན་ཞིབ་རྐང་འཛིན་པ་ཁག་གཅིག་སེམས་ནུས་ཡོད་རྒུས་སྐྱེད་སྲིང་གནང་ཡོད། འདི་ལོའི་ཟླ་3ཚེས་29ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས་ཁོང་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་གནང་བ་རེད།
         “སྨི་སུམ་བརྒྱ། སླར་ཡང་སྨི་སུམ་བརྒྱ་མཐོ་རུ་གཏོང་དང”ཞེས་པའི་འབོད་ཚིག་གིས་འཁྲབ་སྟོན་འགོ་ཚུགས། འདི་ནི་ཟློས་གར་ཐེངས་9ཡི་ཁྲོད་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། དེའི་ནང་ཀྲུང་ཡང་གིས་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་སྣེ་ཁྲིད་གནང་སྟེ་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་གྱི་ཇོ་མོ་གླང་མའི་བྱང་ངོས་སུ་གངས་ལྷ་མེ་ཏོག་འཐུ་གནང་བའི་རྣམ་པ་ཞིག་འཁྲབ་ཡོད།
         “ཁོང་གིས་དཀའ་སྡུག་དེ་འདྲ་མྱོང་དོན་དང་བྱ་བ་དེ་དག་བསྒྲུབ་དོན་ཅི་ཡིན”འདི་ནི་ཀྲུང་ཡང་འཁྲབ་མཁན་ཧྥུའུ་ཏན་ཟློས་གར་ཁང་གི་ཧྲི་ཀྲང་ཀྲུའུ་ཡི་ཅུན་གྱིས་བསམ་བློ་ཡུན་རིང་བཏང་བའི་གནད་དོན་ཞིག་རེད། ད་ཆ་ཁོང་ལ་ལན་རྙེད་པ་སྟེ“ཆ་རྐྱེན་ཇི་འདྲ་དཀའ་ཚེགས་ཆེ་རུང་། རྒན་ཀྲུང་ཡང་ལགས་ཀྱི་ཐུགས་ལ‘དཀའ་སྡུག’གི་ཚོར་སྣང་ཡོང་གི་མེད། འབྱུང་འགྱུར་ཇི་འདྲ་ཡོང་མིན་དང་བཏུས་གནང་བའི་ས་བོན་གྱི་འབྲས་བུར་གཟིགས་ལོང་མ་བྱུང་རུང་། ཁོང་གིས་དད་མོས་ཆེད་མུ་མཐུད་བྱ་བ་དེ་དག་བསྒྲུབ་སྲིད་པ་དེ་ཡིན”
         ཟློས་གར་ཁྲོད་ཀྱི་ཆ་རྒྱུས་ཆེ་བའི་རྣམ་པ་དེས་ཀྲུང་ཡང་སྐུ་འཚོ་བཞུགས་སྐབས་སློབ་ཁྲིད་གནང་མྱོང་བའི་སློབ་མ་རྣམས་དྲན་གསོའི་ཀློང་དུ་ཚུད། “རྒན་ལགས་ཧ་ཅང་དྲན་པོ་འདུག ཟློས་གར་གྱི་རྣམ་པའི་ཐོག་ནས་ཚན་རིག་གི་འདུ་ཤེས་ཁག་གཅིག་མངོན་རྒྱུ་དེ་ཁོང་གིས་བསྒྲུབ་འདོད་ཤོས་ཀྱི་བྱ་བ་ཞིག་ཡིན་པས་ད་རེས་རྒན་ལགས་ཀྱི་བསམ་འདུན་ཞིག་བསྒྲུབས་པ་ལྟར་བྱུང་སོང”ཞེས་བཤད།
         དགེ་སློབ་ཚོའི་འཁྲབ་སྟོན་གྱིས་ལྟད་མོ་བ་མང་པོ་མིག་ཆུ་དབང་མེད་དུ་ཤོར། གཞོན་ནུ་སློབ་མ་ཞིག་གིས་འབད་འཐབ་བྱ་རྒྱུ་དེ་ཐག་རིང་ལུང་ཁུག་ས་ཁུལ་ཁོ་ན་མིན་པར། མེས་རྒྱལ་གྱི་ས་ཆ་གང་རུང་ཞིག་དང་ལས་གནས་གང་རུང་ཞིག་ཏུའང་ང་ཚོས་རྒན་ཀྲུང་ཡང་ལགས་ལྟར་དགའ་ཞེན་བྱེད་པ་དང་། གཞི་ཚུགས་པ། འཚོལ་ཞིབ་བྱེད་པ། ལེགས་སྐྱེས་འབུལ་བ་བཅས་བྱས་ནས་ཚེ་སྲོག་གི་ངོ་མཚར་གཏོད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།