འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ནས་ཉིང་ཁྲི་བར་གྱི་བསྐལ་ལ་མེ་འཁོར་ཕུག་ལམ་ཏལ་འབིགས་བདེ་བླག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བྲག་ཕུག་ནས་འབར་གས་ཀྱི་སྒྲ་ཆེན་པོ་ཞིག་གྲགས་པ་དང་ཆབས་ཅིག་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་ལྷ་ས་ནས་འགོ་བརྩམས་པའི་ཕུག་ལམ་དང་པོ་སྟེ་བསྐལ་ལ་ཕུག་ལམ་ཏལ་འབིགས་བདེ་བླག་ཐུབ་པ་དེ་ཐོག་ནས་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་འདིང་རྒྱུར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་མཚོན་ཡོད།
         བསྐལ་ལ་ཕུག་ལམ་དེ་བོད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་མཚམས་སུ་གནས་པ་དང་། དེ་ནི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་གཙོ་གནད་ལས་གྲྭ་དང་ཨར་ཡུན་གྱི་འགག་རྩའི་ལས་གྲྭ་ཞིག་ཀྱང་ཡིན་པས་ཁྱོན་རིང་ཚད་སྨི་4373དང་། གཏིང་རིང་ཤོས་ལ་སྨི་674 ལམ་ཐིག་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600བཅས་ཟིན་པས་གནམ་གཤིས་དང་ཨར་སྐྲུན་གྱི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་པ་རེད།
         སྐྲུན་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་གྲྭའི་བཀོད་འདོམས་པུའི་བཀོད་འདོམས་པ་ཝུའུ་ཆི་ཤིན་གྱིས“ཨར་སྐྲུན་བྱེད་རིང་ཕུག་ལམ་གྱི་རླུང་གསོག་བྱེ་རིམ་དང་། ལྷུང་ཉེའི་བྲག་རྡོ། མཐའ་འཁོར་གྱི་བྲག་རྡོ་འགྱུར་ལྡོག་སླ་བ་སོགས་ཀྱི་དཀའ་ངལ་ལས་སྒྲོལ་བའི་ལག་རྩལ་དང་ས་གཤིས་ཀྱི་དཀའ་གནད་ལ་དམིགས་ནས་ང་ཚོས་ཆེད་དོན་ལག་རྩལ་གྱི་ཇུས་གཞི་བཟོས་པ་དང་བྱེད་ཐབས་བཏོན་ཡོད། ཕུག་ལམ་ནང་ཆུ་དོན་པ་ནི་རྣམ་གྲངས་དེར་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན། 2016ལོའི་ཟླ་10པར་བསྐལ་ལ་ཕུག་ལམ་བཟོ་སྐབས་ཆུ་ཐོག་མར་དོན་ནས་ཉིན་100ལྷག་ཙམ་རིང་ཉིན་རེར་ཆུ་རྒྱ་དཔངས་ངོས་གྲུ་ཁྲི་ཟིན་ཏེ་ཨར་སྐྲུན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད། བསྐལ་ལ་ཕུག་ལམ་ཏལ་འབིགས་ཐུབ་པ་དེས་འདི་ལོའི་ལོ་སྨད་དུ་ལམ་ཐིག་ཧྲིལ་པོར་ལྕགས་ལམ་འདིང་རྒྱུར“བཀག་རྡོ”དང་པོ་དེ་མེད་པ་བཟོས་ཡོད་ཅེས་བཤད།
         བསྐལ་ལ་ཕུག་ལམ་བཟོ་འགོ་ཚུགས་པའི་སྐབས། འཛུལ་སྒོའི་མཚམས་ཀྱི་སྨི་200ལྷག་གི་སར“རྒྱུག་འགྲོ་བའི་བྱེ་མ”ཞེས་འབོད་པའི་རླུང་གསོག་བྱེ་མས་ཨར་སྐྲུན་བྱེད་མཁན་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། “ཕུག་ལམ་བཟོ་སྐབས་རླུང་གསོག་བྱེ་མའི་དཀའ་ངལ་འཕྲད་པའི་ཨར་སྐྲུན་གྱི་ཉམས་མྱོང་ལ་སྔོན་ཆད་རྒྱལ་ནང་དུ་གཞི་འཛིན་ས་མེད་སྟབས། ཐོག་མའི་ཇུས་འགོད་བྱས་པའི་འབིགས་འཕྲུལ་ཆུང་གྲས་སྤྱད་པ་དེ་རྒྱལ་ནང་དང་ཐ་ན་འཛམ་གླིང་དུ་ཚན་རིག་ཞིབ་འཇུག་གི་དུས་མཚམས་སུ་གནས་ཡོད། ང་ཚོས‘མཐའ་འཁོར་གྱི་བདེ་འཇགས་དང་ལམ་དུམ་གྱི་གནས་ཚུལ་ཟུང་འབྲེལ་བྱས་ནས་སྔོག་པའི་བྱ་ཐབས’གཏན་འཁེལ་བྱས་ནས་རྒྱལ་ཡོངས་སུ་སྙོམས་ཚད་དང་ཤུགས་ཚད་ཆེ་བའི་ཐད་འཕྱང་སྐོར་གཏོར་ཕུར་འདེབས་ཀྱི་ཨར་སྐྲུན་ལག་རྩལ་གསར་གཏོད་དང་བེད་སྤྱོད་བྱས་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་གྲྭའི་བཀོད་འདོམས་པུའི་ཡན་ལག་པུའུ་དང་པོའི་ཅིང་ལི་ཀྲེན་ཏན་མིང་གིས་དེ་ལྟར་བཤད་ཅིང་། ཁོང་གིས“བཟོ་རྩལ་དེས་རླུང་གསོག་བྱེ་མ་བརྟན་པོ་མེད་པ་དང་བྲག་ཕུག་གི་ཐོག་རྡིབ་ཉེན་ཆེ་བའི་ཉེན་ཁ་ལས་གཡོལ་ཐུབ་པ་མ་ཟད། མ་གནས་ཀྱང་ཆུང་དུ་གཏོང་ཐུབ་པས་ཡིན”ཞེས་བཤད།
         ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འདིང་བའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་360ལྷག་བཏང་བ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཕྱོགས་རྐྱང་པའི་གློག་རླངས་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཞིག་ཏུ་ཇུས་འགོད་བྱས་ཤིང་། ལྕགས་ལམ་དེ་འགོ་ལྷ་སའི་ཤེལ་གྲོང་བབས་ཚུགས་ནས་བརྩམས་ཏེ་མ་ལམ་གྱི་རིང་ཚད་སྤྱི་ལེ་402གསར་དུ་སྐྲུན་པ་དང་། གསར་དུ་བརྒྱབ་པའི་གོང་དཀར་དང་། གྲ་ནང་། རྩེད་ཐང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་། ཉིང་ཁྲི་སོགས་ཀྱི་མེ་འཁོར་བབས་ཚུགས་17དེ་དག་2014ལོའི་ལོ་མཇུག་ཏུ་དངོས་སུ་ཨར་སྐྲུན་བྱེད་འགོ་བརྩམས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འདིང་བའི་འཆར་གཞི་དེ་འདི་ལོའི་ལོ་སྨད་དུ་དངོས་སུ་འགོ་བཙུགས་ནས་2021ལོར་ལྕགས་ལམ་བཏིང་ཟིན་ནས་ཤར་གཏོང་ཐུབ་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།