འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་ཕྲུ་གུས་ཟས་ཡག་སྒྲུག་རྒྱག་པར་རྒྱུ་རྐྱེན་སྣ་ཚོགས་ཡོད་པས་མི་
    སོ་སོར་གཞིགས་ནས་དབྱེ་བ་འབྱེད་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྲུ་གུས་ཟས་ཡག་སྒྲུག་རྒྱག་པ་ནི་ཕ་མ་མང་པོ་ཞིག་མགོ་ན་བའི་གནད་དོན་ཡིན། ཟས་ཡག་སྒྲུག་བརྒྱབ་ཚེ། ཕྲུ་གུའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་ནད་འགོག་ནུས་པ་ཞན་དུ་འགྲོ་སྲིད། ནན་ཅིང་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་བྱིས་པའི་འཚོ་བཅུད་ཆེད་ཚན་གྱི་རིགས་གཅིག་མཁས་ཅན་ཀྲང་མིན་གྱིས་ཟས་ཡག་སྒྲུག་རྒྱག་པ་ནི་ཕྲུ་གུ་མང་པོའི་འཚར་ལོངས་བརྒྱུད་རིམ་ནང་འཕྲད་པའི་གནད་དོན་ཞིག་རེད། འོན་ཀྱང་ཟས་ཡག་སྒྲུག་རྒྱག་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པས་ཐག་གཅོད་བྱེད་སྟངས་ཀྱང་མི་སོ་སོར་གཞིགས་ནས་དབྱེ་བ་འབྱེད་དགོས་ཞེས་བཤད།
         ཟས་ཡག་སྒྲུག་རྒྱག་རྐྱེན་དང་པོ། ཕྲུ་གུ་ལ་ལས་ཟས་རིགས་ཁག་གཅིག་གི་དྲི་དང་། བྲོ་བ། རྒྱུ་བཅས་ལ་ཚོར་སྣང་སྐྱེན་པོ་ཡོད་པས་དང་ལེན་གཏན་ནས་བྱེད་ཀྱི་མེད། ཐག་གཅོད་བྱེད་སྟངས། ཁྱིམ་བདག་གིས་ཕྲུ་གུར་ཟས་རིགས་སྣ་ཚོགས་མཁོ་འདོན་བྱས་ནས་ཕྲུ་གུར་གདམ་ག་བྱེད་དུ་བཅུག་དགོས། ལྟོ་ཐེངས་རེར་ཕྲུ་གུས་དགའ་བའི་ཟས་རིགས་དང་སྣ་ཁ་གསར་པ་ཡང་བསྣན་དགོས། དེ་ཕྲུ་གུས་ཟ་བའམ་ཡང་ན་ཟ་མི་འདོད་ཀྱང་། ཁོང་ཚོའི་མདུན་དུ་ཟས་རིགས་དེ་དག་ཡང་སེ་མཐོང་བ་དང་། དྲི་སྣོམ་པ། རེག་པ་བཅས་ཐུབ་པ་བྱེད་དགོས།
         ཟས་ཡག་སྒྲུག་རྒྱག་རྐྱེན་གཉིས་པ། ཕྲུ་གུའི་གཤིས་རྒྱུད་དང་འབྲེལ་བ་ཡོད་ཅིང་། ཕྲུ་གུ་འགའ་ཞིག་གིས་ཟས་གསར་པའི་བྲོ་བ་མྱོང་འདོད་མེད། ཐག་གཅོད་བྱེད་སྟངས། ཟས་རིགས་སྣ་ཁ་གསར་པ་ཕྲུ་གུས་དགའ་པོ་བྱེད་པའི་ཟས་རིགས་ཀྱི་འགྲམ་དུ་བཞག་ནས་ཕྲུ་གུར་རེག་པ་དང་དྲི་སྣོམ་དུ་བཅུག་པའམ་ཡང་ན་བྲོ་བ་མྱོང་དུ་བཅུག་དགོས། ཕྲུ་གུས་ཟས་རིགས་དེ་དག་ལ་དྲི་སྣོམ་པ་ཙམ་བྱས་ནའང་འཕྲལ་དུ་ཕྲུ་གུར་བསྔགས་སྐུལ་བྱེད་དགོས། ད་དུང་སྔོ་ཚལ་ལ་ཞོ་དང་། སྲན་ཞོ། ཚིལ་ཉུང་ཧྲ་ལཱ་སོགས་གནོད་མེད་ཀྱི་ཟས་རིགས་སྨོག་ནས་ཕྲུ་གུར་སྔོ་ཚལ་ཟ་རྒྱུར་བསྔགས་སྐུལ་བྱེད་དགོས།
         ཟས་ཡག་སྒྲུག་རྒྱག་རྐྱེན་གསུམ་པ། ཕྲུ་གུའི་རང་རྐྱ་འཕེར་བའི་རང་བཞིན་ཆེ་རུ་སོང་བས་བྱིས་པ་འགའ་ཞིག་གིས་མི་རྒན་པར་ཟས་ཡག་སྒྲུག་རྒྱག་པའི་སྣང་བ་སྤྲོད་ཀྱི་ཡོད། དོན་དངོས་ཐོག་རང་ཉིད་ཀྱིས་སྙེག་ཐུབ་པའི་ཟས་རིགས་ཟ་འདོད་ཡོད་པ་རེད། ཐག་གཅོད་བྱེད་སྟངས། གནོད་མེད་ཀྱི“ལག་བཟུང་ཟས་རིགས”མཁོ་འདོན་བྱས་ཏེ་ཕྲུ་གུ་སོ་སོར་ཟ་རུ་བཅུག་དགོས། གལ་ཏེ་རང་ཉིད་ཀྱི་ལག་ཏུ་ཡོད་པའི་ཟས་རིགས་ཟ་ཐུབ་ཚེ། ཁོང་ཚོར་འདོད་པ་ཁེངས་པ་དང་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཡོང་གི་ཡོད།
         ཟས་ཡག་སྒྲུག་རྒྱག་རྐྱེན་བཞི་པ། ཕྲུ་གུ་འགའ་ཞིག་གིས་མི་རྒན་པར་ཟས་ཡག་སྒྲུག་རྒྱག་པའི་སྣང་བ་སྤྲོད་ཀྱི་ཡོད་ནའང་དོན་དངོས་ཐོག་ཁོང་ཚོ་ནི་སྡོད་ཚུགས་མི་ཟིན་པ་ཡིན། ཐག་གཅོད་བྱེད་སྟངས། ཕྲུ་གུ་སྡོད་དུ་མ་བཅུག་གོང་ཁོང་ཚོར་ཟས་ཟ་རུ་བཅུག་ནས་ཟས་ཟ་བའི་དུས་ཚོད་རིང་དྲག་རྒྱུ་མེད་པར་སྐར་མ་བཅུ་ཙམ་ཡིན་པ་དང་དེ་རྗེས་ཟས་ཚར་རྗེས་ལངས་སུ་བཅུག་དགོས། དུས་མཚུངས་གནོད་མེད་ཀྱི་ཟས་རིགས་དཔེར་ན་འབྲི་ཏ་ས་འཛིན་དང་ངང་ལག་སོགས་ཕྲུ་གུས་སྙེག་ཐུབ་པའི་ས་ཆར་བཞག་ནས་ཁོང་ཚོ་ལྟོགས་སྐབས་ཟས་རིགས་ཡག་པོ་དེ་དག་ལེན་ཐུབ་པ་བྱེད་དགོས།
         ཟས་ཡག་སྒྲུག་རྒྱག་རྐྱེན་ལྔ་པ། ཕྲུ་གུ་འགའ་ཞིག་ལ་ནད་ཁམས་རང་བཞིན་གྱི་གནད་དོན་ཡོད་པས་ཟས་རིགས་ཁག་གཅིག་མིད་དཀའ་བ་ཞིག་ཡོད། ཐག་གཅོད་བྱེད་སྟངས། གནས་ཚུལ་དེ་རིགས་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པས་ཟས་ཡག་སྒྲུག་རྒྱག་པ་དང་འབྲེལ་བ་ཡོད་པའི་རིམས་ནད་ཡིན་མིན་བརྟག་དཔྱད་དང་དབྱེ་འབྱེད་བྱས་ཏེ་ནད་ཕོག་པའི་བྱིས་པར་ལྟོ་སྟེར་སྐབས་དམིགས་བསལ་གྱི་ཐབས་ཤེས་སྤྱད་དགོས།
         ཀྲང་མིན་གྱིས་དྲན་སྐུལ་བྱས་པར། ཕྲུ་གུས་ཟས་ཡག་སྒྲུག་རྒྱག་པའི་ཚེ་ཁྱིམ་བདག་གིས་དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གསལ་པོ་བྱེད་པ་དང་འབྲེལ་དེ་དང་འཚམ་པའི་བྱེད་ཐབས་སྤྱད་དགོས། ཟས་ཡག་སྒྲུག་ཚབས་ཆེན་རྒྱག་པའམ་ཡང་ན་ཁྱིམ་བདག་གིས་ཐེ་བྱུས་བྱས་ཀྱང་སྔར་བཞིན་ཟས་ཡག་སྒྲུག་རྒྱག་མཁན་གྱི་ཕྲུ་གུ་དུས་ཐོག་ཏུ་སྨན་ཁང་ལ་བརྟག་དཔྱད་བྱེད་པར་ཁྲིད་ནས་རིམས་ནད་ཁག་གཅིག་རྐྱེན་པས་ཟས་ཡག་སྒྲུག་བརྒྱབ་པ་ཡིན་མིན་ཤེས་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།