འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བསྟན་འཛིན་སྐྱབས་ཀྱི་མི་ཚེའི་འཕོ་འགྱུར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕ་ཡུལ་ནས་བྲལ་ཏེ་ལག་རྩལ་ལོ་5སྦྱངས་པ་དང་རང་ཉིད་ཀྱིས་ལས་གཏོད་བྱས་ནས་ལོ་10འགྲོ་གི་ཡོད། ལོ་གསར་བཏང་རྗེས་བསྟན་འཛིན་སྐྱབས་ཀྱིས་གྲོང་ཚོའི་མཉམ་སྡེབ་མ་རྐང་ཀུང་སིའི“སྦྱིན་བདག”བྱས་ཏེ་ཚང་མའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་རེད། “བསྟན་འཛིན་སྐྱབས་སྦྱིན་བདག་ཆེན་པོ་ཆགས་འདུག”ཅེས་པའི་སྐད་ཆ་དེ་ལོ་གསར་རིང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་འབའ་ལུང་ཤང་སུམ་མདོ་གྲོང་ཚོའི་གྲོང་མི་ཚོས་གླེང་མང་ཤོས་ཀྱི་སྐད་ཆར་གྱུར།
         འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས་ཟླ་འགོར་འབའ་རྫོང་གི་གྲོང་ཁུལ་རྙིང་པར་འཁྲུག་ཆ་དོད་པ་དང་གང་སར་ལོ་གསར་གྱི་དགའ་སྟོན་རྣམ་པས་ཁེངས། ཁྲོམ་གཞུང་གི་གཞོགས་གཉིས་སུ་ཚོང་ཟོག་སྣ་མང་བསྒྲིགས་པ་དང་མི་རིགས་ཁག་གི་མང་ཚོགས་ཚོ་ལོ་གསར་གྱི་མཁོ་ཆས་ཉོ་བར་བྲེལ། བསྟན་འཛིན་སྐྱབས་ཀྱིས་རང་ཉིད་ཀྱི་བོད་ཆས་ཚོང་ཁང་དུ་བོད་ཆས་བཟོ་ལྟ་མི་འདྲ་བ་བཅུ་གྲངས་ཁ་ཤས་བཟོས་པ་ལས་མགྲོན་པོ་མང་པོའི་ཡིད་དབང་བཀུག་ནས་ཚོང་ཧ་ཅང་ཡག་པོ་ཡོད་པས་གསར་འགོད་པ་དང་སྐད་ཆ་ཤོད་ཁོམ་ཡང་མེད། ཁོང་གིས་ཉེ་དུས་ཉིན་ལྟར་ཡོང་འབབ་ཁེ་གཙང་སྒོར་ཆིག་ཁྲི་ཙམ་ཟིན་གྱི་འདུག བོད་ཆས་ཉོ་མཁན་མང་བའི་སྐབས་སུ་དགུང་ཟས་ཀྱང་ཟ་ཁོམ་མི་འདུག་ཅེས་གསར་འགོད་པར་བཤད།
         བསྟན་འཛིན་སྐྱབས་བྲེལ་འཚུབ་ཀྱིས་ཁེངས་ཀྱང་སེམས་ལ་སྤྲོ་སྣང་གིས་ཁེངས། ལོ་ན་གཞོན་དུས་འཚོ་བའི་ཆ་རྐྱེན་ཞན་པས་ལོ་གསར་གཏོང་བར་འཚེར་སྣང་བྱེད།
         སུམ་མདོ་གྲོང་ཚོའི་ནང་ཆེན་ནི་རྫོང་གྲོང་ཉེ་འདབས་ཀྱི་ལུང་གཞུང་ཞིག་ཏུ་ཆགས་པ་དང་དེར་ཐན་པ་ཆེ་བའི་ཁར་ལྷགས་པ་ཆེ་བས་ནས་དང་ཞོག་ཁོག་ལས་འདེབས་ཐུབ་ཀྱི་མེད། “སྐབས་དེ་དུས་ངའི་ཁྱིམ་དུ་མི་8ཡོད་པ་དང་སོ་ཕག་གིས་བརྒྱབ་པའི་ཁང་པར་སྡོད་ཀྱི་ཡོད། མི་རེར་ཆ་སྙོམས་རྨོ་ཞིང་མུའུ་2ལས་ཟིན་གྱི་མེད་པས་ལོ་གཅིག་ལ་བཏབ་པའི་ལོ་ཏོག་གིས་ཕྱི་ལོར་ལུད་ཉོ་བའི་དངུལ་ཡང་འདང་གི་མེད”ཅེས་བསྟན་འཛིན་སྐྱབས་ཀྱིས་བཤད། སློབ་ཆུང་ཡང་ཡག་པོ་འགྲིམས་མ་ཐུབ་པར་སློབ་མཚམས་ཆད་པ་དང་ལོ་20ལ་མ་སླེབས་གོང་ནས་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་སྐྱེས་ནས་ཞིང་ལས་ཁོ་ནར་རྟེན་དགོས་སྟབས་འཚོ་བའང་ཁག་ཏུ་སོང་།
         2002ལོར། ཁྱོ་ཤུག་གཉིས་པོས་སློབ་གྲྭར་ཡོད་པའི་ཕྲུ་གུ་གཉིས་ཁྱིམ་དུ་ཉར་བ་དང་སྤུན་མཆེད་ཀྱིས་འོས་སྦྱོར་བྱས་པ་བརྒྱུད། བོད་ཆས་ལས་སྣོན་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱས་ནས་ལག་རྩལ་སྦྱངས། ལོ་གཅིག་ལྷག་ཙམ་རིང་། གླ་ཕོགས་སྐར་ཆ་གཅིག་ཀྱང་མེད་མོད། འོན་ཀྱང་ལག་རྩལ་སྣ་གཅིག་ཁོང་དུ་ཆུད། ཕྱི་ལོར་ཁྱོ་ཤུག་གཉིས་པོས་བྲག་དཀར་རྫོང་དུ་བོད་ཆས་ལས་སྣོན་གྱི་ལས་ཀ་ཞིག་བཙལ། ལོ་ཤས་སོང་རྗེས་ཕྲུ་གུ་སློབ་གྲྭར་གཏོང་བའི་སློབ་ཡོན་ཕུད་གསོག་དངུལ་ཡང་བྱུང་།
         “གླ་པ་རྒྱུག་པའི་ལོ་ཤས་རིང་། ཡོང་འབབ་གསོག་ཐུབ་པ་ཕུད། འགྱུར་ལྡོག་ཆེ་ཤོས་ནི་བློ་སྒོ་ཕྱེ་ནས་ཕུགས་བསམ་དོན་གཉེར་བྱེད་ཕོད་པ་དེ་རེད”ཅེས་བསྟན་འཛིན་སྐྱབས་ཀྱིས་བཤད། 2008ལོར། ལོ་42ལ་སླེབས་པའི་བསྟན་འཛིན་སྐྱབས་ཀྱིས་ཕ་ཡུལ་དུ་ལོག་སྟེ་ཆེད་མངགས་ཞིབ་བཤེར་ཞིག་བྱས་པ་ལས་རྫོང་གི་བོད་ཆས་ཚོང་ཁང་ཚང་མའི་ཚོང་ཟོག་ནི་ཡུལ་གཞན་ནས་སྡེབ་ཚོང་བྱས་སྟབས་མི་མང་པོ་ཞིག་གིས་བཟོ་ལྟ་དེ་རིགས་ལ་དེ་ཙམ་དགའ་པོ་བྱེད་ཀྱི་མེད་པ་ཤེས་རྟོགས་ཐུབ་འཕྲལ། བསགས་དངུལ་སྤྱད་དེ་ཕ་ཡུལ་དུ་ཚོང་ཁང་ཞིག་བོགས་མར་བླངས་ནས་བོད་ཆས་ལས་སྣོན་དང་ཕྱིར་ཚོང་བྱེད་རྩིས་བྱས།
         ཡིན་ནའང་བསམ་ཡུལ་ལས་འདས་པར་བཟའ་ཟླས་ཁོང་གི་གྲོས་འགོར་མོས་མཐུན་བྱས་མེད། “གལ་སྲིད་མ་རྩ་བརྡིབས་ན་ཇི་ལྟར་བྱེད་དམ”ཞེས་བཤད།
         “ཚོད་ལྟ་མ་བྱས་ན་སུས་ཤེས་སམ། དེ་སྔ་ཕྱིར་གླ་པ་རྒྱུག་པར་མ་ཕྱིན་ན་ད་ལྟའང་ས་ཞིང་བཏབས་ནས་བསྡད་ཡོད”བསམས་ནས་བསྟན་འཛིན་སྐྱབས་ཀྱིས་བོད་ཆས་ཚོང་ཁང་བཙུགས། ཚོང་རྒྱག་འགོ་ཚུགས་མ་ཐག་པའི་སྐབས་སྐུ་མགྲོན་གྱིས་རྒྱུ་ཆ་མཁོ་འདོན་དང་ཁོང་གིས་ཚེམ་བཟོའི་དངུལ་ལས་ལེན་གྱི་མེད་པས་སྐུ་མགྲོན་གྱི་འགྲོ་གྲོན་ཆུང་བ་མ་ཟད། ད་དུང་རང་ཉིད་ཀྱིས་དགའ་པོ་བྱེད་པའི་བཟོ་ལྟ་མངགས་བཟོ་བྱེད་ཐུབ་ཀྱི་ཡོད། རྗེས་སུ་མངགས་ཐོ་ཇེ་མང་དུ་སོང་བ་དང་ཐ་ན་ཉེ་འཁོར་གྱི་བོད་ཆས་ཚོང་ཁང་མང་པོ་ཞིག་གིས་ཀྱང་རྒྱུ་ཆ་ཁོང་ལ་སྤྲོད་ཀྱི་ཡོད། མི་གཞན་ལ་ཚེམ་བཟོ་བྱེད་རོགས་བྱེད་པ་ཕུད། རང་སོ་སོས་ཚེམ་བཟོ་དང་ཕྱིར་ཚོང་བྱེད་པ་དང་ཁྱིམ་གྱི་ནང་མི་ཚང་མས་རོགས་རམ་བྱས་པས་ཚོང་ཇེ་ལེགས་སུ་སོང་།
         གྲོང་ཚོའི་མི་རྣམས་ཀྱིས་བསྟན་འཛིན་སྐྱབས་ཚོང་ཡག་པོ་བྱུང་བ་མཐོང་རྗེས་གཅིག་རྗེས་གཉིས་མཐུད་ངང་ཁོང་གི་སར་ལག་རྩལ་སྦྱོང་བར་བསྐྱོད། ཁོང་གིས་སྦ་གསང་མེད་པར་ལག་རྩལ་བསླབས་པས་ལོ་གཉིས་མ་སོང་བར་སུམ་མདོ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་དུད་ཚང་40ལྷག་ཙམ་ཚང་མས་ཁྱིམ་ཚང་བཟོ་ཁང་གཉེར། ཁོང་གིས་ངང་རྒྱུད་རིང་པོའི་ངང་གྲོང་ཚོའི་དབང་པོ་སྐྱོན་ཅན་ཚེས་བཟང་སྒྲོལ་མའི་ནང་མི་བཞི་པོར་ལག་རྩལ་དམར་ཁྲིད་བྱས་པས་ལོ་ཕྱེད་སོང་རྗེས་ཁོང་ཚོས་ཀྱང་ཁྱིམ་ཚང་བཟོ་ཁང་གཉེར་ནས་རང་རྐྱ་འཕེལ་བའི་ངང་བོད་ཆས་འཚེམ་ཐུབ་ཀྱི་ཡོད།
         གསར་འགོད་པར་གྲོང་མི་དབང་གྲགས་རྡོ་རྗེའི་བཟོ་ཁང་ནས་སྡེར་ཐང་དུ་རས་ཆ་ཁག་གཅིག་བཀྲམ་ཡོད་པ་དང་འཁོར་ཚེམ་ཁག་གཅིག་བསྒྲིགས་ཡོད་པ་མཐོང་བྱུང་། དགུན་དུས་ཉི་འོད་སྒེའུ་ཁུང་ནས་ཁང་པའི་ནང་དུ་འཕྲོ་སྐབས་རྡོ་རྗེ་དང་ཁོང་གི་བཟའ་ཟླས་མི་གཅིག་གིས་རས་འབྲེག་པ་དང་མི་གཅིག་གིས་ཚེམ་བུ་རྒྱག་བཞིན་འདུག དུས་རྒྱུན་ཁོང་གི་ཁྱིམ་དུ་ཚེམ་བུ་བ་5ཡོད་པ་དང་ཡོང་འབབ་མང་ཤོས་སུ་ཉིན་གཅིག་ལ་སྒོར་1000རག་གི་ཡོད་པ་དེ་དེ་སྔ་ས་ཞིང་འདེབས་པའི་ལོ་གཅིག་གི་ཡོང་འབབ་དང་མཚུངས།
         གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡར་འཕེལ་སྐྱབས་ཀྱིས་མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་8ཡན་ཟིན་གྱི་ཡོད་པ་དང་ཁྱིམ་ཚང་90%ལ་རླངས་འཁོར་གཏོང་རྒྱུ་ཡོད། དེ་སྔོན་དབུལ་ཤོས་ཀྱི་ཚོགས་ཆུང་གཉིས་པའང་བོད་ཆས་བཟོ་བའི་ལས་ལ་བརྟེན་ནས་ད་ཆ་ཕྱུག་ཤོས་སུ་གྱུར་ཡོད། དེ་དག་ཚང་མ་ཕྱུག་འགྱུར་སྣེ་ཁྲིད་པ་བསྟན་འཛིན་སྐྱབས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་2020ལོར་སླེབས་སྐབས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགན་ལེན་བྱ་ཆེད། འབའ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་ཐོན་ལས་དང་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། གོང་གི་རྨང་གཞི་དེ་དག་ལས་བོད་ཆས་བཟོ་བ་ནི་སྲིད་གཞུང་གིས་སུམ་མདོ་གྲོང་ཚོར་རོགས་སྐྱོར་བྱས་ནས“གྲོང་ཚོ་གཅིག་ལ་ཐབས་ཇུས་གཅིག”གི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྗེས་མཐུད་ཐོན་ལས་ཤིག་ཏུ་གྱུར་ཡོད། རྫོང་དབུལ་སྐྱོར་ཅུས་ཀྱིས་སྔ་རྗེས་སུ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་441བཏང་སྟེ་བཟོ་གྲྭ་བཙུགས་ནས་སྒྲིག་ཆས་ཉོས་པ་དང་དུད་ཚང་140ཀུང་སིའི་མ་རྐང་ལ་ཞུགས་ཏེ་མི་200ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད། འོན་ཀྱང་དོ་དམ་རྣམ་པའི་ཤེས་ལྡན་མི་སྣ་མི་འདང་བར་བརྟེན་ཀུང་སིའི་འཁོར་རྒྱུག་དེ་ཙམ་ཡག་པོ་བྱུང་མེད། དཔྱིད་གསར་དུས་ཆེན་གོང་སུམ་མདོ་གྲོང་ཚོར་འདེམས་ཤོག་འཕངས་ནས་ལོ་གསར་བཏང་རྗེས་གྲོང་ཚོའི་བོད་ཆས་བཟོ་གྲྭ་མཚོ་ལྷོ་ཀྲོའུ་གསེར་ཁང་གྱོན་ཆས་ཚད་ཡོད་འགན་འཁྲི་ཀུང་སི་བསྟན་འཛིན་སྐྱབས་ཀྱིས་དོ་དམ་བྱ་རྒྱུའི་བརྡས་ཐག་བཅད་པ་རེད།
         “ཁོང་ནི་བློས་འགེལ་ཆོག་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་ཞིག་ཡིན་སྟབས་ཁོང་ལ་ཀུང་སི་དོ་དམ་བྱེད་དུ་བཅུག་ཚེ་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་ངེས་རེད”ཅེས་ཡར་འཕེལ་སྐྱབས་ཀྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།