འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རྣམས་ཀྱི་ཡིད་དབང་གྲོང་གསེབ་ཏུ་ཇི་ལྟར་འགུག་དགོས་སམ། 

    འཐུས་མིས་གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་བཏོན་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་མི་ཡིན་ཞིང་། ང་ཚོའི་གྲོང་གསེབ་ཏུ་མི་རྣམས་ཀྱི་ཡིད་དབང་ཇི་ལྟར་འགུག་དགོས་སམ། དེའི་ཐད། ཧྲན་ཤིས་ཀྱི་འཐུས་མི་ཚོགས་པའི་བཞུགས་ཡུལ་དུ་གྲོང་གསེབ་ནས་ཕེབས་པའི་འཐུས་མི་ཚོས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་བ་རེད།
         “གྲོང་ཚོས་མི་རྣམས་ཀྱི་ཡིད་དབང་འགུག་དགོས་ན། ཆེས་འགག་རྩ་ནི་སྔར་བཞིན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད”ཅེས་ཧྲན་ཤིས་ཧྥེན་དབྱང་གྲོང་ཁྱེར་ཅ་ཅ་ཀྲོང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཤིང་ལི་མིང་གིས་བཤད་པ་དང་། ཁོང་གིས་ཐོན་ལས་འཕེལ་རྒྱས་ཕྱིན་ཚེ་གཞི་ནས་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་ནས་མི་རྣམས་གྲོང་ཚོར་ལོག་རྒྱུར་ཡིད་དབང་འགུག་ཐུབ་ཅེས་གསུངས།
         ཅ་ཅ་ཀྲོང་གྲོང་ཚོ་ནི་ཧྲན་ཤིས་སུ་སྐད་གྲགས་ཡོད་པའི་གྲོང་ཚོ་ཞིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་ཡི་ནང་ཅ་ཅ་ཀྲོང་བས“ལྕགས་ཁྱེམ་འཁྱེར་ནས་གསར་བརྗེ་བྱེད་པ་དང་། ཆུ་ལམ་དང་བ་ཚྭའི་ས་ཞིང་བཅོས་ནས་དབུལ་སྒྲོལ་བྱེད་པའི”སྙིང་སྟོབས་ལ་བརྟེན་ནས“ཅ་ཅ་གྲོང་ཚོར་བུ་མོ་མནའ་མར་མི་སྟེར་བའི”གྲོང་ཚོ་དབུལ་པོ་ཞིག་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཞིང་འཕྲུལ་ཅན་གྱི་དཔེ་མཚོན་གྲོང་ཚོ་ཞིག་ཏུ་འགྱུར་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་འདི་གར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད།
         ཡུལ་སྐོར་ཐོན་ལས་ཀྱི་སྐུལ་ཁྲིད་འོག་ཅ་ཅ་གྲོང་ཚོར་ན་གཞོན་20ལྷག་ཙམ་སྔ་རྗེས་སུ་ལོག་ཡོང་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཐོན་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ན་གཞོན་ཁ་ཤས་འཇོན་ཐང་ཆེན་པོ་ཡོད་པས་གྲོང་མི་ཚོས་གྲོང་ཚོའི་ལས་བྱེད་པར་བདམས་ཤིང་། ཤིང་ལི་མིང་གིས“གཞོན་ནུ་ཚོ་སྤྱང་གྲུང་དོད་པ་དང་། མིག་རྒྱང་རིང་བ། བྱ་ཐབས་མང་བ་བཅས་ཡོད་པས་ཁོང་ཚོ་ཡོད་ན་ང་ཚོ་གྲོང་ཚོ་འཕེལ་རྒྱས་མི་ཐུབ་པའི་སེམས་ཁྲལ་མི་འདུག་ཅེས་བཤད།
         “དེ་ནི་ཁྱེད་ཚོའི་གྲོང་ཚོ་གནས་ཡུལ་ཡག་པས་རེད། མྱུར་བགྲོད་གཞུང་ལམ་དང་ཐག་ཉེ་བས་ཕར་འགྲོ་ཚུར་འོང་ལ་བདེ་པོ་ཡོད”ཅེས་ཧྲན་ཤིས་ལིན་ཧྥེན་གྲོང་ཁྱེར་ཡའོ་ཏུའུ་ཆུས་ཏུང་ཞ་ཀྲོང་གྲོང་ཚོའི་ཀྲུའུ་རེན་འཐུས་མི་ཀྲང་ཅན་གོས་བཤད་པ་དང་། ཁོང་གནས་སའི་གྲོང་ཚོ་ནི་རི་ཁུལ་དུ་ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་ཁར་ཐོན་ཁུངས་དཀོན་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་ཞན་པོ་ཡོད་པ་རེད། “ངས་བྱས་ན་གྲོང་གསེབ་ཏུ་མི་རྣམས་ཀྱི་ཡིད་དབང་འགུག་དགོས་ན་སྔོན་ལ་རྨང་གཞིའི་སྒྲིག་བཀོད་ཡག་པོ་བསྐྲུན་དགོས”ཞེས་བཤད།
         ཀྲང་ཅན་གོས་ན་ནིང་གཞོན་ནུ་གྲོང་གསེབ་ཏུ་ཡོང་བའི་ཡིད་དབང་འགུག་ཆེད། གལ་ཏེ་གྲོང་ཚོར་རོགས་རམ་བྱེད་པར་ཡོང་འདོད་ན་ང་རང་ཉིད་ཀྱིས་དངུལ་བཏོན་ནས་གླ་ཆ་སྤྲོད་རྒྱུ་ཡིན་ཞེས་པའི་སྤྱི་བསྒྲགས་སྦྱར་བ་ཡིན། ཡིན་ནའང་ཡོང་མཁན་གཅིག་ཀྱང་མི་འདུག “ང་ཚོའི་གྲོང་ཚོར་དྲ་རྒྱ་མེད་པ་དང་། ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཡག་པོ་མེད་པས། རྟག་ཏུ་ཁ་པར་གཏོང་ལེན་མི་ཐུབ་ལ་ལམ་ཡང་འགྲོ་བདེ་པོ་མེད། སྟབས་བདེ་མེད་པས་གཞོན་ནུ་ཚོ་ཡོང་འདོད་མེད་ཅེས་དཔེ་དྲངས་ཏེ་བཤད།
         “ཁྱེད་ཀྱིས་གསུངས་པ་ལྟར་རེད། གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཚེ་གཞི་ནས་མི་རྣམས་ཡོང་འདོད་ཆེ”ཞེས་ཧྲན་ཤིས་ཤི་དབྱང་རྫོང་ཏ་ཀྲེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་འཐུས་མི་རྒན་གྲས་ཀོ་ཧྥེང་ལན་གྱིས་བཤད་པ་དང་། ལོ་འདི་དག་རིང་ཁོང་གིས་བཏོན་པའི་གྲོས་འགོ་མི་ཉུང་བ་ཞིག་གྲོང་གསེབ་ཀྱི་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། དེའི་ནང་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་སྨན་སྤྱོད་པ། ས་ཞིང་བསྐྱར་གསོ་སོགས་ཀྱི་གནད་དོན་ཚུད་ཡོད་པ་རེད།
         “ངས་བལྟས་ན། གྲོང་གསེབ་ཀྱི་གནམ་ས་རྒྱ་ཆེ་བས་གསར་སྤེལ་བྱེད་རིན་ཆེན་པོ་ཡོད”ཅེས་སྒྱུར་བཅོས་སྒོ་དབྱེ་བྱས་པའི1978ལོར་སྐྱེས་པའི་འཐུས་མི་ཀྲང་ཧུང་ཤང་གིས་བརྗོད་པ་དང་། ལོ་6གི་གོང་། ཁོང་གིས་མ་དངུལ་འཁྱེར་ཞིང་། ཤེས་ལྡན་མི་སྣ་ཁྲིད་པ་དང་། དོ་དམ་ཉམས་མྱོང་འཁྱེར་ཏེ་ཕ་ཡུལ་ཧྲན་ཤིས་སུའུ་ཀྲོའུ་གྲོང་ཁྱེར་ཡིའུ་ཡུས་རྫོང་ཀྲང་ཆན་ཧུའུ་ལིང་གྲོང་ཚོར་ལོག་ནས་བཤས་ལུག་གསོ་ཚགས་བྱས་པ་དང་། ད་ཆ་གཟན་རྩྭ་འདེབས་འཛུགས་དང་གཅིག་སྡུད་གསོ་ཚགས་བྱེད་པ་ནས་བཤས་གཏོང་དང་ལས་སྣོན། བཟའ་བཏུང་བཅས་བར་གྱི་ཐོན་ལས་འཁོར་འབྲེལ་ཆགས་པ་དང་འབྲེལ་གྲོང་མིའི་སྣེ་ཁྲིད་ནས་ཡོང་འབབ་བརྟན་པོ་བྱུང་ཡོད་པ་རེད།
         གྲོང་གསེབ་ཀྱི་འབྱུང་འགྱུར་ཐད་ཀྲང་ཧུང་ཤང་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ཅིང་། ཁོང་གིས“ཕྱིས་འབྱུང་མི་དེ་བས་མང་པོ་གྲོང་གསེབ་ཏུ་ཡོང་རྒྱུ་གཏན་འཁེལ་ཡིན་པས་གྲོང་གསེབ་ཏུ་མི་དེ་བས་མང་བ་འཛོམས་ངེས”ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།