འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་ཞིང་ཆེན་ཨན་ཧྭ་རྫོང་ལེ་ཨན་གྲོང་རྡལ་ཆིང་ཧྥུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་
    གྲོང་ཚོའི་ཀྲུའུ་རེན་ཡིན་པའི་འཐུས་མི་ཤའོ་ཡིའུ་ཤང་གིས"བ་དམ་བཏབ་པས་
    གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང"ཞེས་བཤད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “2017ལོར་ང་ཚོས‘ཕར་ཆིན་རྒྱག་པའི་སྙིང་རུས’ལ་བརྟེན་ནས་མཁྲེགས་སར་གཏུག་ཕོད་པ་བྱས་པས་གྲོང་ཚོ་ཧྲིལ་པོའི་དུད་ཚང་85དང་མི་གྲངས་307བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དང་། ཆིང་ཧྥེང་གྲོང་ཚོས་ཀྱང་དུས་དེ་ནས་བཟུང‘དབུལ་པོའི་ཞྭ་མོ’རྦད་དེ་ཕུད་ཐུབ་ཡོད”ཅེས་ད་ཐེངས་པེ་ཅིང་དུ་ཚོགས་འདུར་ཕེབས་པའི་ཧུའུ་ནན་ཞིང་ཆེན་ཨན་ཧྭ་རྫོང་ལེ་ཨན་གྲོང་རྡལ་ཆིང་ཧྥུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོའི་ཀྲུའུ་རེན་ཤའོ་ཡིའུ་ཤང་གིས་དེ་ལྟར་བཤད་པ་དང་། ཁོང་གི་གདོང་ལ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པའི་སྤྲོ་སྣང་གིས་ཁེངས་འདུག
         ཧུའུ་ནན་ཞིང་ཆེན་ཨན་ཧྭ་རྫོང་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཡིན་པ་དང་། ཆིང་ཧྥུང་གྲོང་ཚོ་ནི་རྫོང་དེའི་ཤར་ལྷོའི་ཁུལ་དུ་གནས་ཤིང་། དུས་ཡུན་རིང་པོར་འགྲིམ་འགྲུལ་སྟབས་བདེ་མེད་པས་ཤིན་ཏུ་དབུལ་པོ་ཡོད། 2014ལོར་ཆིང་ཧྥུང་གྲོང་ཚོའི་དུད་ཚང་528དང་མི་གྲངས་2014ཡི་ནང་དུད་ཚང་138དང་མི་གྲངས་491ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས་ཡོད།
         ཤའོ་ཡིའུ་ཤང་གིས“དབུལ་པོའི་རྩ་བ་འབྱིན་པར་ཐོན་ལས་ལ་བརྟེན་དགོས། གཟིགས་དང་། འདི་ནི་ང་ཚོའི་གྲོང་ཚོའི་བ་དམ་ཡིན”ཞེས་བཤད་བཞིན་ཕ་ཡུལ་ནས་བསྣམས་ཕེབས་པའི་ཤུན་པ་དམར་པོའི་བ་དམ་བཏོན་ནས་གྲོང་ཚོའི་དབུལ་སྒྲོལ་གཏམ་རྒྱུད་བཤད།
         ཤུན་པ་དམར་པོའི་བ་དམ་ནི་བྲོ་བ་ཧང་ཅང་ཞིམ་པོ་ཡོད་པ་དང་མ་ཟད་འཚོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་ཡོད། གོང་ཚད་སྤྱིར་བཏང་གི་བ་དམ་དང་བསྡུར་ན་ལྡབ་གཅིག་ཙམ་མཐོ་བ་ཡོད། ཆིང་ཧྥུང་གྲོང་ཚོའི་ས་རྒྱུ་དང་གནམ་གཤིས་བ་དམ་འདེབས་འཛུགས་བྱེད་རྒྱུར་འཚམ་པོ་ཡོད་པས། 2016ལོར་ཤའོ་ཡིའུ་ཤང་གིས་གྲོང་མི་སྣེ་ཁྲིད་དེ་ཤུན་པ་དམར་པོའི་བ་དམ་བཏབ་པ་རེད།
         ལོ་དང་པོར་མུའུ་400ཙམ་ཚོད་འདེབས་བྱས་པར་ཐོན་འབབ་རྒྱ་མ་ཁྲི་5ལྷག་ཙམ་བྱུང་ཡོད། དངོས་གནས་དྲང་གནས་ཀྱི་ཕན་འབྲས་བྱུང་བ་མཐོང་སྐབས་དུད་ཚང་དབུལ་པོ་གཅིག་རྗེས་གཉིས་མཐུད་ངང་བ་དམ་འདེམས་འཛུགས་བྱེད་རྒྱུར་ཞུགས་པ་རེད། ཤའོ་ཡིའུ་ཤང་གིས་སླར་ཡང་སྤུས་རྟགས་ཐད་བསམ་བློ་གཏོང་འགོ་བཙུགས་ཏེ་རང་ཉིད་ཀྱི་མིང་ཐོག་ནས་ཤུན་པ་དམར་པོའི་བ་དམ་གྱི་སྤུས་རྟགས་ལ“ཡིའུ་ཤང”ཞེས་མིང་བཏགས་ནས་དྲ་ཐོག་དང་དྲ་བའི་ཕྱི་རོལ་དུ་ཕྱིར་ཚོང་ཧུར་ཐག་བྱས།
         ཕན་འབྲས་ལོ་རེ་ལས་མ་འདས་པར་ཡག་ཏུ་སོང་ཞིང་། ན་ནིང་ཤའོ་ཡིའུ་ཤང་དང་དུད་ཚང་དབུལ་པོ་75དབར་འདེབས་འཛུགས་ཉོ་སྒྲུབ་ཀྱི་གན་རྒྱའི་ཡི་གེ་བཞག་པ་དང་། རྒྱ་མ་རེར་ཁྲོམ་རའི་གོང་ཚད་ལས་སྒོར་1གིས་མཐོ་བ་བྱས་ནས་གཅིག་གྱུར་ཉོ་སྒྲུབ་བྱས་ཤིང་། ཕྱིར་བཙོངས་རྗེས་སླར་ཡང་ཁེ་སྤོགས་ཀྱི་20%འདེབས་འཛུགས་དུད་ཚང་ལ་སྤྲོད་པ་རེད། 2017ལོར་གྲོང་ཚོའི་དུད་ཚང་དབུལ་པོས་ཁྱོན་ཤུན་པ་དམར་པོའི་བ་དམ་རྒྱ་མ་ཁྲི་4.6བཙོངས་པས་བ་དམ་ཕྱིར་ཚོང་བྱས་པ་ཁོ་ནར་དུད་ཚང་རེར་ཆ་སྙོམས་ཡོངས་འབབ་སྒོར་2800བྱུང་བ་དང་། ཆིང་ཧྥུང་གྲོང་ཚོས་ཀྱང་སྐབས་དེ་དང་བསྟུན་ནས་ལོ་མང་རིང་གི“དབུལ་པོའི་ཞྭ་མོ”ཕུད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།