འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"མི་གསུམ་ཤང"གི་ཤང་ཀྲང་རྒན་གྲས་སྒྲོལ་དཀར་གྱིས"སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་
    གཏན་ནས་གཏོང་གི་མིན"ཞེས་གསུངས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲུན་ལ་ཡིས།  

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ངས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ནས་གཞི་རིམ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་གྲོས་འགོ་ཚོགས་ཆེན་ཐོག་ལ་འདོན་རྒྱུ་ཡིན”ཞེས་ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་དང་། “མི་གསུམ་ཤང”གི་ཤང་ཀྲང་རྒན་གྲས། ལོ་56ལ་སོན་པའི་སྒྲོལ་དཀར་གྱིས་ཡུལ་སྨད་མི་དམངས་ཀྱི་སྨོན་འདུན་བཟང་པོ་དང་མངགས་བཅོལ་སེམས་ལ་བཅངས་ནས་མི་དམངས་ཚོགས་ཁང་ཆེ་མོར་བསྐྱོད།
         ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ལ་ཉེ་བའི་སྐབས་སུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་ཉམས་མྱོང་དང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྙན་སེང་ཞུས་ཏེ་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་མུ་མཐུད་ཕྱུགས་རིགས་འཚོས་ཏེ་མཐའ་མཚམས་བསྲུངས་ནས་ཏང་ལ་དྲིན་ལན་འཇལ་རྒྱུའི་ཆོད་སེམས་བརྗོད་པ་རེད།
         2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་བྱེད་སྤྱོད་ལ་ཁས་ལེན་གང་ལེགས་གནང་བ་དང་མཐའ་མཚམས་སྲུང་བ་དང་སྲ་བརྟན་གཏོང་ཆེད་དུས་ཡུན་རིང་པོ་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་མཁན་བློ་མཐུན་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་མཐའ་མཚམས་སུ་གཞིས་ཚུགས་ནས་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
         “རྒྱལ་ཁབ་ཡོད་ན་ཁྱིམ་ཚང་ཡོད་པ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་དུས་བདེ་ཞི་འཇགས་མེད་ཚེ་དུད་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ཡོང་ཐབས་བྲལ། མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ནང་དོན་དྲན་གསོ་བྱེད་བཞིན་པེ་ཅིང་དུ་ཚོགས་ཆེན་ལ་ཞུགས་ཐེངས་དང་པོ་ཡིན་པའི་སྒྲོལ་དཀར་དངངས་འཚབ་སྐྱེ་བཞིན་དུ་འགན་འཁྲི་ལྕི་པོ་ཡིན་པ་ཤེས།
         དུས་རབས་གོང་མའི་ལོ་རབས་90པའི་སྔོན་དུ་ལོ་བཅུ་ཕྲག་ཁ་ཤས་ཀྱི་ལོ་ཟླའི་ནང་པ་ཕས་ཁོང་དང་གཅུང་མོ་གཉིས་ཁྲིད་དེ་ཡུལ་སྨད་ཀྱི་སྤྱི་ལེ་སྟོང་ཕྲག་ཡོད་པའི་ས་ཆ་བརྟན་སྲུང་བྱས་ཤིང་། སྡོད་ཁང་སྟར་པ་གཅིག་དེ་ཤང་སྲིད་གཞུང་ཡིན་ལ་ཁོང་ཚོའི་ཁྱིམ་ཡང་རེད།
         1988ལོར། སྒྲོལ་དཀར་གྱིས་པཱ་ལགས་ས་ནས་ཡུལ་སྨད་ཤང་གི་ཤང་ཀྲང་གི་གོ་གནས་བླངས་ཏེ་2011ལོ་བར་ལོ་23ཏག་ཏག་ཤང་ཀྲང་བྱས་པ་དང་ལོ་དེར་ཤང་ཀྲང་ཨང་གསུམ་པ་ཟླ་བར་འགན་འཁྲི་དེ་སྤྲད་པ་རེད།
         2018ལོའི་ལོ་འགོར། སྒྲོལ་དཀར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་རེད། ཁོ་མོ་ཡུལ་སྨད་ཤང་གི་འཕོ་འགྱུར་ཆེན་པོ་ཚང་མར་བརྗོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། 2017ལོར་ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལས་བརྒལ་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཤུགས་ཆེན་བརྒལ་བ་དང་། ལོ་དེར་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་རིང་ཚད་ཧྲིལ་པོར་སྤྱི་ལེ་34ཡོད་པའི་ཆུ་ཡུལ་གཞུང་ལམ་སྐྲུན་འགོ་ཚུགས་པ་དང་། རྒྱལ་ཁབ་གློག་དྲ་ཁྲིད་དེ་དུད་ཚང་ཚང་མར་WiFiཁྲིད་པ་རེད། འདི་ལོ་ཡུལ་མི་སྤུན་ཟླ་ཚོ“བདེ་སྐྱིད་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང”གི་སྒྲིག་སྦྱོར་རྣམ་པའི“ཞིང་ཁྱིམ་སྤྲོ་ཁང”དུ་སྤོ་རྒྱུ་མ་ཟད། ད་དུང་གསར་དུ་སྤོ་མཁན་དུད་ཚང་47གྱི་གྲོང་མི་བརྩིས་ན་ཤང་ཡོངས་སུ་རྒྱུན་སྡོད་མི་འབོར་196ཟིན་རྒྱུ་ཡིན་པ་རེད།
         དེ་དང་ཆབས་ཅིག སྒྲོལ་དཀར་གྱིས་ཀྲུང་དབྱང་གིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ཐད་སྐུལ་མ་གཏོང་ཤུགས་ཆེ་རུ་བཏང་བ་དང་མཐའ་མཚམས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་ཤུགས་ཆེན་བྱས་པར་ཡུལ་མི་སྤུན་ཟླ་ཚོས་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་དང་ཡུལ་སྨད་ཀྱི་མི་རབས་རྗེས་མའི་སློབ་གསོ་དང་གསོ་སྐྱོང་སོགས་ཀྱི་རེ་བ་ཚོགས་ཆེན་ལ་ཞུ་ཐུབ་རེ་བྱེད་ཀྱི་ཡོད།
         “ཡུལ་སྨད་ཀྱི་འབྱུང་འགྱུར་དེ་བས་ལེགས་པ་དང་། ཁ་བས་བཀླུབས་ནས་གཞན་དང་འབྲེལ་ཐག་ཆད་པའི་འཚོ་བ་ལོ་རྒྱུས་སུ་འགྱུར་རྒྱུ་རེད”ཅེས་སྒྲོལ་དཀར་གྱིས་རེ་སྨོན་ཆེན་པོས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།