འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་བརྡ་རྟགས་གལ་ཆེན་ལ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལོ་ལྔའི་རིང་གི་སྲིད་གཞུང་གི་ལས་དོན་ལ་ཕྱིར་མིག་བལྟས་པ་དང་2018ལོའི་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གནང་བ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གཙོ་བོས་དོན་དེར་དོ་ཁུར་ཆེན་པོ་བྱས་ནས་དེ་ནི་ཀྲུང་གོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད།
         ལུའུ་ཐུའུ་གསར་འགྱུར་ཁང་གིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་གཙོ་བོ་གཏོང་སྤེལ་བྱས་ཏེ་ཀྲུང་གོར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རིང་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་ནི་འགག་རྩ་ཡིན་པའི་ངོས་འཛིན་བྱེད།
         ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཁྲོད་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་བཟོ་སྐྲུན་ལས་རིགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་བྱ་ཐབས་གཙོ་བོའི་ནང་དོན་གཏོང་སྤེལ་བྱས་ཡོད། གནས་ཚུལ་གཏོང་སྤེལ་བྱས་པའི་ནང་ཀྲུང་གོས་འདུས་གྲུབ་གློག་ལམ་དང་། རབས་ལྔ་པའི་སྒུལ་བདེའི་འཕྲིན་གཏོང་། གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཐོན་ལས་གོང་འཕེལ་ལ་སྐུལ་མ་གཏོང་རྒྱུ་ཡིན་པ་བཀོད་ཡོད།
         《དེང་གི་ཨུ་རུ་སུའི་》གསར་འགྱུར་ཁང་གིས། ཀྲུང་གོའི་སྒོ་འབྱེད་སྲིད་ཇུས་དང་ལྷག་པར་དུ་ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་བརྟན་པོའི་ངང་འཕར་རྒྱུར་སྐུལ་མ་གཏོང་བའི་བྱ་ཐབས་ལ་གཙོ་གནད་དོ་ཁུར་བྱེད་པའི་གནས་ཚུལ་གཏོང་སྤེལ་བྱས་ཡོད། གནས་ཚུལ་གཏོང་སྤེལ་བྱས་པའི་ནང་ཀྲུང་གོས་སྤྱིར་བཏང་གི་བཟོ་སྐྲུན་ལས་རིགས་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་སྟེ་གློག་འཕྲིན་དང་། སྨན་བཅོས། སློབ་གསོ། རྒན་གསོ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མ་ཟད། ད་དུང་ས་ཁོངས་ཕྱིའི་མ་རྩ་འཇོག་མཁན་གྱིས་ས་ཁོངས་ནང་ཁོངས་ལས་བྱུང་བའི་ཁེ་སྤོགས་མ་འཇོག་བསྐྱར་མར་སྤྱོད་པའི་རིམ་སྲིང་ཁྲལ་འཇལ་ལག་བསྟར་བྱ་རྒྱུ་ཡིན་པ་བཀོད་ཡོད།
         《རི་པིན་དཔལ་འབྱོར་གསར་འགྱུར་》དང་། 《ཞོགས་ཉིའི་ཉིན་རེའི་གསར་འགྱུར་》《ཉིན་རེའི་གསར་འགྱུར་》《ཐོ་ཁེའོ་ཡི་གསར་འགྱུར་》སོགས་རི་པིན་གྱི་སྨྱན་སྦྱོར་གཙོ་བོ་ཚང་མས། པར་ངོས་མངོན་གསལ་དོད་སར་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་འགོ་ཚུགས་པའི་གནས་ཚུལ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་བཀོད་ཡོད། ཐུན་མོང་གསར་འགྱུར་ཁང་གིས་ཀྲུང་གོའི་དཔལ་འབྱོར་མགྱོགས་པོ་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་བཀོད་ཡོད།
         ཝེ་ཐེ་ནམ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%འཕར་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ནས་ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཙམ་ལ་གཏན་འཁེལ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་མི་འབོར་ཁྲི་1100ཡན་བྱེད་རྩིས་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5 %ནང་ཚུན་དུ་གཏན་འཁེལ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་4.5%ནང་ཚུན་དུ་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་གོས་སྤུས་ཚད་ལ་སྔར་བས་དོ་སྣང་བྱེད་པའི་འཕེལ་རྒྱས་གཏོང་སྟངས་ཀྱི་དུས་མཚམས་སུ་བསྒྱུར་བ་བཅས་ཀྱི་དམིགས་ཚད་དེ་དག་གཏན་འཁེལ་བྱས་པ་ནི་ལུགས་མཐུན་ཞིག་རེད་ཅེས་བཀོད་ཡོད།
         《ཨོ་སི་ཁྲུ་ལི་ཡའི་དངུལ་རྩའི་གདེང་འཇོག་ཚགས་པར་》ཐོག་ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཀྲུང་གོའི་འབྱུང་འགྱུར་ལོ་གཅིག་རིང་གི་དཔལ་འབྱོར་འཕེལ་རྒྱས་དང་སྒྱུར་བཅོས་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། ཀྲུང་གོ་ལྕགས་རྡོ་དང་རྡོ་སོལ་ཕྱིར་གཏོང་རྒྱལ་ཁབ་གཙོ་བོའི་ངོས་ནས་ཨོ་སི་ཁྲུ་ལི་ཡས་ལྷག་པར་དུ་ཀྲུང་གོས་འདེགས་ཤིང་མེད་པར་བཟོ་བ་དང་ཐོན་ནུས་གཅོག་པའི་བྱ་ཐབས་ཁག་ལ་དོ་ཁུར་བྱེད་ཀྱི་ཡོད་པ་བཀོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།