འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི“སྤྲང་པོའི་གྲོང་ཚོའི”འབྱོར་འབྲིང་ལམ་བུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནག་ཆུ་ས་ཁུལ་གནས་ཡུལ་གྱི་ནག་ཆུ་རྫོང་ནས་སྣུམ་ནག་གཞུང་ལམ་བརྒྱུད་རླངས་འཁོར་དུ་་བསྡད་ནས་སྤྱི་ལེ་40ཙམ་བསྐྱོད་དེ་ས་མཐོའི་འབྲོག་ར་ཕ་གཡུ་གྲོང་ཚོར་འབྱོར།
         ཕ་གཡུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བུ་སྡིས“ང་ཚོ‘སྤྲང་པོའི་གྲོང་ཚོ’ནས‘འབྱོར་འབྲིང་གྲོང་ཚོར’གྱུར་པ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་དེ་བཞིན་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་ཞིག་རེད”ཅེས་བཤད།
         ལོ་49ལ་སླེབས་པའི་ཕ་གཡུ་གྲོང་ཚོའི་ཁག་དང་པོའི་གྲོང་མི་ཉི་ཕུན་གྱིས“སྤྲང་པོའི་གྲོང་ཚོའི”ལོ་རྒྱུས་གསལ་པོ་ཤེས་ཀྱི་ཡོད། 1994ལོའི་ཟླ་4པར་ཉི་ཕུན་གྱིས་སྙན་རོང་རྫོང་སེ་ཆེན་ཤང་གི་དུད་ཚང་དབུལ་ཤོས་17གྱི་མི་72དང་མཉམ་དུ་གནས་སྤོ་བྱས་པ་དང་ཆབས་ཅིག ཕ་གཡུ་གྲོང་ཚོ་བཙུགས་པ་དང་ད་དུང་སྲིད་གཞུང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་འབྲི་གཡག་མགོ་གྲངས་100གནང་བ་རེད། སྟབས་མི་ལེགས་པ་ཞིག་ལ་1997ལོར་ནག་ཆུ་ས་ཁུལ་དུ་གངས་སྐྱོན་ཆེན་པོ་ཕོག་ནས་ཕ་གཡུ་གྲོང་ཚོའི་འབྲི་གཡག་མགོ་གྲངས་80ལྷག་ཙམ་འཁྱགས་ཤི་དང་ལྟོགས་ཤི་ཐེབས།
         “འབྲོག་པར་འབྲི་གཡག་མེད་ན་གང་ཡང་མེད”ཅེས་དང་། འཚོ་བའི་ཆེད། མི་མང་པོ་ཞིག“མཐེ་བོང་བསྒྲེངས་ནས་ལྟོ་སློང་བའི”འཚོ་བ་མི་སྐྱེལ་ཐབས་མེད་དུ་གྱུར་པ་དང་། “ཕ་གཡུ་གྲོང་ཚོ་སྐབས་ཤིག་རིང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི‘སྤྲང་པོའི་གྲོང་ཚོར’གྱུར་པ་རེད”ཅེས་ཉི་ཕུན་གྱིས་བཤད།
         2009ལོར་ཕ་གཡུ་གྲོང་ཚོར་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་མར་དང་། ཞོ། ལ་ལ་སོགས་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱས་ནས་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད། གྲོང་མིའི་ཕྱུགས་ཟོག་དང་རྩྭ་རའམ་ཡང་ན་ངལ་རྩོལ་ནུས་ཤུགས་ཚང་མ་མ་རྐང་དུ་བཅུག་ནས་ལོ་མཇུག་གི་དངུལ་སྨར་བགོ་བཤའ་རྒྱག་གི་ཡོད། བསོད་ནམས་བསྟན་འཛིན་གྱིས་ཕ་གཡུ་གྲོང་ཚོའི་འབྲོག་ར་ཡངས་ཤིང་རྒྱ་ཆེ་བ་མ་ཟད། གཞུང་ལམ་གྱི་འགྲམ་དུ་གནས་སྟབས་ཐོན་རྫས་ཕྱིར་ཚོང་བྱེད་བདེ་པོ་ཡོད། མཉམ་ལས་རྩ་འཛུགས་བཙུགས་པའི་ལོ་དེར་ཕ་གཡུ་གྲོང་ཚོ་མཉམ་སྡེབ་དབུལ་སྒྲོལ་ཐུབ་ཡོད་ཅེས་བཤད།
         2012ལོར་ཕ་གཡུ་གྲོང་ཚོ་ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྱི་གྲོང་གསར་འཛུགས་པའི་ཚོད་ལྟའི་ནང་བཅུག་པ་དང་། དེ་སྔའི“སྤྲང་པོའི་གྲོང་ཚོ”དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཞུགས།
         ལོ་དེ་རང་དུ་གྲོང་མི་ཡོངས“འབྱོར་འབྲིང་གི་སྡོད་ཁང་གསར་པར”སྤོས་པ་དང་། མཉམ་ལས་རྩ་འཛུགས་ཀྱི་ཕྱུགས་ཟོག་རྣམས་བུ་ཡུག་འགོག་པའི་དྲོད་ཁང་དུ་བཅུག་པ། གྲོང་ཚོའི་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཨར་འདམ་ལམ་བཏིངས་པ་མ་ཟད་ད་དུང་བུ་བཅོལ་ཁང་བརྒྱབ་པ་དང་། དེ་སྔ་ཉེ་འགྲམ་གྱི་གྲོང་ཚོར་ལྟོ་མི་སློང་ཀ་མེད་ཡིན་པའི་ཕ་གཡུ་གྲོང་ཚོས་ཉེ་འགྲམ་གྱི་གྲོང་ཚོའི་ཕྲུ་གུ་ཚོར་བྱམས་བརྩེའི་ཕྱག་ཟུང་བསྐྱངས་ནས་རོགས་རམ་བྱེད་ཀྱི་ཡོད།
         “མཉམ་ལས་རྩ་འཛུགས་མ་བཙུགས་གོང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་800ཡང་ཟིན་གྱི་མེད་ནའང་། 2013ལོར་ཕ་གཡུ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་ཐོག་མར་བརྒལ་ཡོད”ཅེས་བུ་སྡིས་བཤད།
         འཚོ་བ་ཡག་ཏུ་ཕྱིན་ནས་ཕ་གཡུ་བར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་ཕྱི་དྲོར་གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་ཡོངས་ཀྱི་རྒན་རྒོན་དང་གཞོན་ནུའི་སྣེ་ཁྲིད་དེ་གཙང་སྦྲ་བྱེད་པ་དང་གཞུང་ལམ་གཡས་གཡོན་གྱི་གད་སྙིགས་སྒྲུག་གི་ཡོད། གྲོང་མིས་ད་དུང་གཞུང་ལམ་གྱི་གཞོགས་སུ་སྤྱི་པའི་གསང་སྤྱོད་བསྐྲུན་ནས་འགྲོ་འོང་བྱེད་མཁན་ལ་སྟབས་བདེ་བསྐྲུན་པ་རེད། གྲོང་ཚོར་ཆང་རག་འཐུང་མཁན་དང་ཐ་མག་འཐེན་མཁན་ཉུང་དུ་ཕྱིན་ནས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་འདོད་དོན་ཇེ་ཟབ་ཏུ་ཕྱིན་ཡོད། 2017ལོར་མཉམ་ལས་རྩ་འཛུགས་ཀྱིས་སྒོར་ཁྲི་115བཏང་སྟེ་དུད་ཚང་རེར་སྒོར་ཁྲི་2ནས་6བར་བགོ་བཤའ་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།