འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་ནུས་ལས་སྟེགས་ཀྱིས་གཙང་གསུམ་ཆུ་འགོའི་འབྲོག་ལས་སྣོད་བཅུད་ལ“ཕན་འབྲས་
    ཐོན་ནས་གནོན་ཤུགས་ཆུང་དུ་སོང་བ”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་སོང་བ་དང་རྩྭ་ཐང་གི་གངས་འཁྱགས་ཚ་ཟེར་གྱི་ཉི་འོད་འོག་ཏུ་རིམ་བཞིན་བཞུར་བཞིན་ཡོད། ཞོགས་པ་སྔ་པོ་ནས་འབྲོག་པ་དུང་པོས་ཟླ་བ་མ་ཚང་བར་སྐྱེ་བའི་ལུག་ཕྲུག་གཉིས་པང་དུ་བཏབ་སྟེ་སྒོ་ཁ་ནས་དོན་ཡོང་སྟེ། “ཚན་རྩལ་སྡེ་ཚན་གྱི་རིག་ནུས་རྒྱ་མར་འགྱོག་སྐབས་ལུག་ཕྲུག་གཉིས་ཀྱི་གཟུགས་པོའི་ལྗིད་ཚད་ལོན་འདུག དེ་རིང་ལུག་ཕྲུག་འདི་གཉིས་པོ་དྲོད་ལྡན་ལུག་ཚང་གི་ལུག་ཁྱུའི་ཁྲོད་བཏང་ནས་ང་ཚོ་གཉེན་འཕྲད་ལ་འགྲོ་རྒྱུ་ཡིན”ཞེས་བཤད།
         དུང་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་སུམ་མདོ་གྲོང་རྡལ་གྱི་འབྲོག་པ་དཀྱུས་མ་ཞིག་རེད་ལ། དེ་གའི་གཞི་ཁྱོན་ཆེ་བའི་རྒྱ་ཚང་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་རྐང་བདག་གི་གྲས་ཀྱང་རེད། 2017ལོར་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་རིག་ནུས་སྣོད་བཅུད་འབྲོག་ལས་ལས་སྟེགས་སྐྲུན་པའི་རྣམ་གྲངས་དུང་པོ་སྡོད་སའི་མཉམ་ལས་ཁང་དུ་ལག་ལེན་བསྟར་ནས་དེ་གའི་འབྲོག་པ་བརྒྱ་གྲངས་ཁ་ཤས་ཀྱིས་ལག་ཐོགས་ཁ་པར་དང་། དྲོད་ཚད་ལྟ་ཆས། རིག་ནུས་རྒྱ་མ་སོགས་སྔོན་ཐོན་ལག་རྩལ་ལ་བརྟེན་པའི“རིག་ནུས་གསོ་ཚགས”བྱེད་འགོ་བཙུགས་པས་འབྲོག་ལས་གཉེར་སྟབས་སྔར་བས་བདེ་རུ་ཕྱིན་པ་དང་ཕན་པའང་ཆེན་པོ་ཐོབ་ཡོད།
         “གཙང་གསུམ་ཆུ་འགོའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་ཐད‘རགས་ལས་དང་། ལེགས་བསྡུས་ཞིབ་གཉེར། རིག་ནུས་བཅས’དུས་མཚམས་གསུམ་བརྒྱུད་པ་དེ་དག་རྒྱལ་ཁབ་ཀྱི་རྣམ་གྲངས་འདེགས་སྐྱོར་དང་ཚན་ཞིབ་པས་མཉམ་དུ་ནུས་ཤུགས་བཏོན་ནས་འགག་སྒྲོལ་བྱས་པ་ལས་བྱུང་ཞིང་། 2017ལོར་འབྲོག་ལས་ཐོན་སྐྱེད་ཀྱི་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས‘གནོན་འཕྲི་ཕན་ཆེའི’རིག་ནུས་སྣོད་བཅུད་འབྲོག་ལས་བྱེད་སྟངས་གསར་པ་ཞིག་འཛུགས་རྒྱུར་རྣམ་པ་གསར་པ་ཞིག་བཏོད་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཁྲའོ་ཡོན་གྱིས་དེ་ལྟར་བཤད།
         ཀྲུང་གོ་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཅིས་ཡོན་གྱིས། དེ་ནི་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ད་ཡོད་སྣོད་བཅུད་ཀྱི་གནས་སྟངས་ལ་གཞིས་ཚུགས་ནས་སྤེལ་བའི་གསར་གཏོད་རྣམ་པའི་འཚོལ་ཞིབ་ཅིག་ཡིན་པ་དང་། རྣམ་གྲངས་དེས་རྒྱང་ཚོར་དང་། མི་མེད་གནམ་གྲུའི་པར་ལེན། བྱང་སྐར་སྤུན་བདུན་གྱི་གནས་གཏན་འཁེལ་དང་འབྲེལ་བའི་རྗེས་འདེད་བརྟག་དཔྱད། དམར་ཕྱིའི་འོད་ཀྱི་པར་ཆས་ཀྱི་ས་ངོས་རང་འགུལ་ལྟ་ཞིབ་ཚད་ལེན། ས་ངོས་ཀྱི་འདྲ་དཔེའི་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྩྭ་ཁ་ཤེས་རྟོགས་དང་རྩྭ་ཕྱུགས་དོ་སྙོམས་ལ་བབ་བསྟུན་ཚོད་སྐོར་ཐུབ་ནས་བརྟག་ཞིབ་གཞི་ཁྱོན་ཆེ་ལ་གནད་འཁེལ་ཚགས་ཚུད་བྱུང་བ་མཚོ་བོད་ས་མཐོར་ཐེངས་དང་པོ་རེད་ཅེས་བཤད།
         རྣམ་གྲངས་ཕྱོགས་སྡོམ་ལས། ལོ་གཉིས་རིང་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ལག་རྩལ་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་3.75ལེགས་སྒྲུབ་བྱས་པ་དང་། རང་འགུལ་རྩྭ་བསྡུ་འཕྲུལ་འཁོར་གྱིས་རྩྭ་ཏུན་8642.3ལས་སྣོན་དང་། གཟན་ཆག་ཏུན་6250སྦྱོར་རྟ་གནད་འཁེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།