འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རྒྱལ་སྲུང་སློབ་གསོ་གཞུང་དོན་ཁང་གིས་འདི་ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་
    ལས་དོན་བཀོད་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་རྒྱལ་སྲུང་སློབ་གསོ་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་2018ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་ཤིང་། བརྡ་ཐོའི་ནང་། ས་གནས་ཁག་དང་དཔུང་སྡེ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་དམ་པོར་དམིགས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་དང་སློབ་གསོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། བྱེད་ཐབས་དང་ཐབས་ལམ་གསར་དུ་གཏོད་པ་བཅས་བྱས་ཏེ། སློབ་གསོ་གཏོང་ཡུལ་དང་། དུས་ཚོད། ས་ཁོངས། ནང་དོན། བྱེད་ཐབས་བཅས“ཁྱོན་ཡོངས་ལ་ཁྱབ་པ་ལྔ”མངོན་འགྱུར་ཡོང་བར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་དམག་གཅེས་དམག་བཀུར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། ཀྲུང་གོའི་ཕུགས་འདུན་འགྲུབ་པའི་དམག་དཔུང་སྟོབས་ཆེར་གཏོང་རྒྱུར་ནུས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས་པ་བསྟན་ཡོད།
         རྒྱལ་ཁབ་རྒྱལ་སྲུང་སློབ་གསོ་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདི་ལོའི་དུས་འགོར་བརྟག་དཔྱད་དཔང་ལེན་གཏིང་ཟབ་དང་། རྒྱ་ཁྱབ་ངང་བསམ་འཆར་བསྡུ་བའི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་ཁར། རྒྱལ་སྲུང་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་དང་དོན་འཁྱོལ་མགྱོགས་སུ་བཏང་ཡོད། གཙོ་གནད་ཐོག་ཏང་གིས་སློབ་གསོར་དོ་དམ་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་དང་། རྒྱལ་སྲུང་སློབ་གསོའི་འགོ་ཁྲིད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། ལས་འགན་དང་འགན་འཁྲི་ཁ་གསལ། འབྲེལ་ལམ་མཐུན་སྦྱོར་ཐོགས་མེད། ལས་དོན་ལྟ་སྐུལ་ནུས་ལྡན་བཅས་ཀྱི་རྩ་འཛུགས་ཀྱི་འགོ་ཁྲིད་མ་ལག་ཅིག་འཛུགས་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་སྲུང་སློབ་གསོའི་དཔྱད་བསྡུར་མ་ལག་ཚོད་ལྟ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་རིམ་ཁག་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ཁྲིམས་བཞིན་རྒྱལ་སྲུང་སློབ་གསོའི་ལས་དོན་སྤེལ་བའི་གནས་ཚུལ་ལ་དུས་བཀག་ལྟར་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུ་མ་ཟད། འདི་ལོར་དུས་ཚོད་འོས་འཚམ་ནང་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྩ་འཛིན་ལ་བཟོ་བཅོས་རྒྱག་པའི་ལས་དོན་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ལེགས་སྒྲིག་བྱ་རྒྱུར་ཞིབ་འཇུག་བྱས་ཏེ་རིགས་པས་ཁུངས་སྐྱེལ་བྱ་རྒྱུ་ཡིན་པ་རེད།
         འདི་ལོའི་དམག་ཡོངས་ཀྱི་དཔུང་སྡེས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་རྒྱུར་གཞོགས་འདེགས་བྱས་ནས། སྤྱི་ཚོགས་ཡོངས་ལ“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམག་དཔུང་གི་སྟོབས་ཤུགས་གཅིག་ཏུ་འགྲིལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་དང་། རིམ་ཁག་རྒྱལ་སྲུང་སློབ་གསོའི་འཆད་ཁྲིད་ཚོགས་པ་ཁག་དཔུང་སྡེའི་གཞི་རིམ་ལ་བསྐྱོད་རྒྱུར་མཛུབ་ཁྲིད་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱི་འདུ་འགོད་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་གསར་བརྗེའི་སློབ་གསོའི་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱེད་པ། རང་རེའི་ཏང་དང་རང་རེའི་དམག་དཔུང་གི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཞིབ་འཇུག་བྱེད་པ། “དཔའ་བོའི་གཏམ་རྒྱུད་གླེང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་སློབ་སྦྱོང་ཞུ་བ། གསར་བརྗེའི་རྒྱུན་འཛིན་པ་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བའི་ཐོག་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དཔའ་བོར་གོང་བཀུར་དང་། སྔོན་གཤེགས་དཔའ་བོར་དྲན་གསོ། དམག་མིར་བརྩི་བཀུར་དང་དད་གུས་ཞུ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན་ལ། “རྒྱལ་སྲུང་ལ་དགའ་ཞེན་བྱེད”ཅེས་པའི་སློབ་གྲྭ་ཆེ་མོ་བའི་འགྲན་བསྡུར་མུ་མཐུད་སྒྲིག་འཛུགས་བྱས་ནས་མཐོ་སློབ་ཀྱི་རྒྱལ་སྲུང་སློབ་གསོའི་སྤུས་རྟགས་ཤིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།