འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་བ།

    —— 2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བཏང་བའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་ཤར་ལུང་གཞུང་ནས་བྱང་རྩྭ་ཐང་བར་དང་། ཧི་མ་ལ་ཡའི་འདབས་ནས་ཡར་ཀླུང་གཙང་པོའི་ངོགས་བར། རང་ལྗོངས་ཀྱི་ས་ཕྱོགས་གང་སར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་དང་དུས་ཆེན་དགའ་གཏོང་བྱས་པས་གངས་ལྗོངས་ས་མཐོ་ཡོངས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པའི་ཁྲོད་གནས་ཡོད།
        “ལོ་གསར་གཉིས”མཉམ་དུ་འཁེལ་བས་ལོ་གསར་གྱི་རྣམ་པ་ཟབ། མི་རིགས་ཁག་གི་མང་ཚོགས་དགའ་སྤྲོའི་དཔལ་ལ་རོལ།
         འདི་ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བ་དེས་གངས་ལྗོངས་ས་མཐོར་ལོ་གསར་གྱི་ཉམས་འགྱུར་རབ་ཏུ་ཟབ་པ་མ་ཟད་ས་མཐོའི་བུ་ཕྲུག་ཚོར་བཀྲ་ཤིས་གཉིས་བརྩེགས་ཀྱི་སྣང་བ་ཞིག་སྦྱིན།
         ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཨ་ཅག་ལྷ་མོའི་བུ་མོ་རྒན་པ་བདེ་སྐྱིད་གཡང་འཛོམས་ཀྱིས་གཞེས་ནིང་ལོར་མག་པ་རྒྱ་རིགས་ཞིག་འཁྲིད་ཡོང་།
         གནམ་གང་ཉིན་མོར། ཆུས་གཡོད་ཝུན་ཞེས་པའི་མག་པ་རྒྱ་རིགས་དེའི་གྲ་སྒྲིག་འོག་ཁྱིམ་དུ་ལྒང་བཞུ་དམར་པོ་བཀལ་བ་དང་གྱང་ངོས་སུ་རྒྱ་ཡིག“བསོད་ནམས”ཞེས་པ་སྦྱར་བས་བོད་རིགས་ཀྱི་ཁྱིམ་ཚང་དེར་ལོ་གསར་གྱི་ཉམས་འགྱུར་ཟབ་མོ་ལྡན། ཨ་ཅག་ལྷ་མོས་ཅའོ་ཙེ་སོགས་སྲོལ་རྒྱུན་གྱི་གནམ་གང་གི་ཟ་མ་གྲ་སྒྲིག་བྱས་པ་མ་ཟད་ཧ་ཅང་གྲ་རྒྱས་པའི་བོད་ཟས་ཀྱི་གསོལ་སྟོན་ཡང་བཤམས།
         “ད་ཆ་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་ལ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་པས་བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཕུད་དཔྱིད་གསར་དུས་ཆེན་ལྟ་བུའང་གཏོང་དགོས་པ་སྨོས་ཅི་དགོས། དུས་ཆེན་མང་ཙམ་བཏང་ན་བསོད་ནམས་འཕེལ་ཐུབ”ཅེས་བཤད།
         གནམ་གང་དགོང་མོར། མངའ་རིས་ས་ཁུལ་སྒར་རྫོང་གཙང་པོ་གྲོང་ལྷན་དུ་བོད་རིགས་དང་། རྒྱ་རིགས། ཡུ་གུར་རིགས། ཧུད་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་30ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལྷན་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱས་པ་རེད།
         དཔྱིད་གསར་དགའ་སྟོན་འཛུམ་གྱིས་བསུ། བཀྲ་ཤིས་དགའ་སྟོན་དཔལ་ལ་རོལ།
         ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྣམ་པ་མི་འདྲ་བའི་ཐོག་ནས་དཔྱིད་གསར་དུས་ཆེན་བསུས་པ་རེད།
         ལོ་གསར་པར་བསུ་བ་ཞུ་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
         ལོ་གསར་ཚེས་གསུམ་ཉིན། ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་མི་སྣ་འདུ་འཛི་ཆེ་ཞིང་། དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ནས་འདུག འདི་གར་ཆབ་མདོ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དང་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་གིས་ཇ་རྟ་ཐང་ཆེན་དུ་གཉེར་བའི་2018ལོའི་ཆབ་མདོ་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་ཐེངས་དང་པོ་ཡིན་པ་དེར་རྒྱ་ཆེའི་གྲོང་མི་ཚོའི་དགའ་བསུ་ཐོབ་ཡོད།
         གྲོང་མི་ཡེ་ཤེས་རྒྱ་མཚོ་ཞོགས་པ་སྔ་པོ་ནས་ནང་མི་དང་མཉམ་དུ་ཇ་རྟ་ཐང་ཆེན་དུ་ཡོང་ཞིང་། ཁོང་གིས“དེ་རིང་ལྟད་མོ་ཆེ་བའི་ལེ་ཚན་བལྟས་པ་ཡིན་ལ་ལག་ཤེས་ཐོན་རྫས་སྣ་ཚོགས་ལའང་བལྟས་པས་ཧ་ཅང་དགའ་པོ་བྱུང་། གྲོགས་པོ་ཆུང་ཆུང་རྣམས་ལོ་གསར་པའི་ནང་སློབ་སྦྱོང་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས”ཞེས་བཤད།
         “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཚ་རླབས་འཕྱུར། བདེ་ཐང་དགའ་སྤྲོའི་ངང་ནས་ལོ་གསར་གཏོང་།
         འདི་ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དུས་གཅིག་ཏུ་འཁེལ་བས་བོད་དུ་དུས་ཆེན་གྱི་རྣམ་པ་སྔར་བས་ཟབ་པ་མ་ཟད། ཡུལ་སྐོར་བ་མང་པོ་ཞིག་བོད་དུ་ཡུལ་སྐོར་ལ་ཡོང་བ་དང་ལྷག་དོན་དུ་དཔྱིད་གསར་དུས་ཆེན་རིང“དགུན་དུས་བོད་ལ་ཡུལ་སྐོར་བྱེད། ས་གོ་ལའི་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་སྤེལ་ཚུན་རང་ལྗོངས་སུ་འདི་ལོའི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཐོག་མར་འཆར་ཡོད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཆེན་རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་45.85ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.2%འཕར་བས་རང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་ཚད་བརྒལ་ཟབ་མོ་བྱུང་ཡོད།
         ས་གནས་གཞན་གྱི་ཡུལ་སྐོར་བ་བོད་དུ་ཡོང་ནས“བོད་ཀྱི་ལོ་གསར”ཉམས་ལེན་བྱེད་པ་དང་དུས་མཚུངས་རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་མི་ཉུང་བ་ཞིག་ཀྱང་ས་ཆ་གཞན་དུ་ཡུལ་སྐོར་ལ་བསྐྱོད་པ་སོགས་ཀྱི་ཐབས་སྤྱད་དེ་དེ་བས་བདེ་ཐང་ལྡན་པའི་ལོ་གསར་ཞིག་བཏང་ཡོད།
         ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ལ་ཡོད་ཆུ་ཚན་དུ་དུས་ཆེན་རིང་ཆེད་མངགས་ཆུ་ཚན་ལ་ཡོང་བའི་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡོད།
         བློ་བཟང་གི་ནང་མི་རྣམས་ཆབ་མདོ་ར་འོག་ནས་ལ་ཡོད་གྲོང་ཚོར་ཡོང་སྟེ་གཟའ་འཁོར་གཅིག་ཙམ་སོང་ཞིང་། “སྔ་ས་ནས་ལ་ཡོད་ཆུ་ཚན་ལ་ཕན་ཡོན་ཆེན་པོ་ལྡན་པ་གོ་ཐོས་བྱུང་། ངལ་གསོའི་སྐབས་ནང་མི་འཁྲིད་ནས་ཡོང་བ་ཡིན། ལོ་གསར་རིང་ཆང་རག་མང་པོ་འཐུང་བ་དང་ཤ་མང་པོ་བཟས་ནས་གཟུགས་པོར་གནོད་འཚེ་བཟོ་བ་ལས་ནང་མི་དང་མཉམ་དུ་ཆུ་ཚན་ལ་ཡོང་ན་ལུས་པོ་བདེ་བ་མ་ཟད་ཐང་དུའང་འགྲོ་རྒྱུ་རེད”ཅེས་བློ་བཟང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།